མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་དང་ཧྥིན་ཧོང་མཛེས་རྩལ་པར་སྐྲུན་ཁང་གཉིས་ཀྱིས་མཉམ་ལས་ཀྱི་གྲོས་ཆིངས་བཞག
2020.08.20 ཁུངས། ཀློག་གྲངས། 238

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ་ཐུབ་བསྟན། ) སྤྱི་ཟླ་བརྒྱད་པའི་ཚེས་ཉི་ཤུའི་ཉིན། མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་དང་ཅང་སུའུ་ཧྥུན་ཧོང་མཛེས་རྩལ་པར་སྐྲུན་ཁང་གཉིས་ཀྱིས་མཉམ་ལས་ཀྱི་གྲོས་ཆིངས་བཞག་པ་དང་། དེས་རང་རྒྱལ་གྱི་རིག་གནས་རྟེན་མཛོད་ཀྱི་བྱ་བཞག་དང་པར་སྐྲུན་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་ཆེན་པོ་ཐོན་ངེས་ཡིན་ལ། རིག་དངོས་ལེགས་སྒྲིག་དང་འགྲེམ་སྟོན་དྲིལ་སྒྲོག སྲུང་སྐྱོབ་ཞིབ་འཇུག་སོགས་ཀྱི་ཁྱབ་ཁོངས་མང་པོ་ནས་ཕན་ཚུན་གྱི་ལེགས་ཆ་བསྐང་རེས་བྱས་ཏེ། ཐུན་མོང་ཐོག་གྲུབ་འབྲས་ལེན་པར་མདུན་ལྗོངས་ལེགས་པོ་ཞིག་བསྐྲུན།

ཅང་སུའུ་ཧྥུན་ཧོང་མཛེས་རྩལ་པར་སྐྲུན་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་སྤྱི་གཉེར་བ་ཧྲེ་ཅང་ཐའོ་ཡིས་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་ཨ་རུ་བོད་སྨན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་དཔོན་རྡོ་རྗེས་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་ནི་འཛམ་གླིང་དུ་བོད་ཀྱི་གསོ་རིག་བརྗོད་གཞིར་བཟུང་སྟེ། རིག་དངོས་ཉར་ཚགས་དང་སྲུང་སྐྱོབ། འགྲེམ་སྟོན། བོད་ཀྱི་རིག་གནས་ཞིབ་འཇུག་བཅས་གཞི་གཅིག་ཏུ་འདུས་པའི་སྣ་འཛོམས་རང་བཞིན་གྱི་རྟེན་མཛོད་ཁང་ཞིག་ཡིན་པའི་ཆ་ནས། རྒྱལ་ཁབ་ཕྱི་ནང་ཀུན་ལ་འོད་སྟོང་འབར་བའི་བོད་ཀྱི་རིག་གནས་འགྲེམ་སྟོན་བྱས་ཏེ། ཉམས་རྒུད་དུ་འགྲོ་བཞིན་པའི་བོད་ཀྱི་གསོ་རིག་མྱུར་སྐྱོབ་བྱེད་པའི་འོས་འགན་ཁུར་དུ་འཁྱེར་ཡོད། ཡང་ཅང་སུའུ་ཧྥུན་ཧོང་མཛེས་རྩལ་པར་སྐྲུན་ཁང་ལ་མཚོན་ནའང་སྣ་མང་ཅན་གྱི་རིག་གནས་སྒྱུ་རྩལ་པར་སྐྲུན་བྱ་རྒྱུ་འགན་ལ་བླངས་ཏེ། རིག་གནས་སྒྱུ་རྩལ་པར་སྐྲུན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་ལ། རིག་དངོས་ལེགས་སྒྲིག་དང་འགྲེམ་སྟོན་དྲིལ་སྒྲོག སྲུང་སྐྱོབ་ཞིབ་འཇུག་བཅས་བྱས་ཏེ། ས་ཁུལ་སོ་སོའི་རྟེན་མཛོད་གླིང་གི་རིག་གནས་དྲིལ་སྒྲོག་བྱེད་པར་གདུང་འདེགས་ཀྱི་ཀ་བ་ལྟ་བུའི་ནུས་པ་ཐོན་ཡོད།

མཚོ་སྔོན་ཨ་རུ་བོད་སྨན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་དཔོན་རྡོ་རྗེས་བཤད་རྒྱུར། མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གིས་ཉམས་མྱོང་ཕུན་སུམ་ཚོགས་ཤིང་པར་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་ལྡན་པའི་ཅང་སུའུ་ཧྥུན་ཧོང་མཛེས་རྩལ་པར་སྐྲུན་ཁང་གི་མཐུན་སྦྱོར་དང་རོགས་རམ་འོག བོད་ཀྱི་རིག་གནས་སྒྱུ་རྩལ་དར་རྒྱས་གོང་འཕེལ་དུ་གཏོང་རྒྱུ་ཡིན་ཞིང་། བོད་ཀྱི་རིག་གནས་དང་རིག་གཞུང་ཁྱབ་ཁོངས་གསར་བ་ཞིག་ཏུ་བསྐྱོད་པར་ནུས་པ་གདོན་རྒྱུ་ཡིན་ཟེར་ལ། ཕྱོགས་གཉིས་ཀའི་ཐུན་མོང་གི་འབད་པ་ལ་བརྟེན་ནས་བོད་ཀྱི་གསོ་རིག་དང་བོད་ཀྱི་རིག་གནས་དྲིལ་སྒྲོག་བྱེད་པའི་ནུས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཟེར།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། 2018ལོར་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རྟེན་མཛོད་གླིང་དུ་བདམས་ལ། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི། རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་དྲིལ་སྒྲོག་སློབ་གསོའི་རྟེན་གཞི། རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་བརྡལ་སློབ་གསོའི་རྟེན་གཞི། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ཁྱབ་བརྡལ་སློབ་གསོའི་རྟེན་གཞི། རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་སོགས་ལ་བདམས་པ་རེད།