ཤིང་བཟའ་སྐུ་ཕྲེང་ལྔ་བ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གི་གསོ་བ་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་རུ་འཚོགས།
2020.08.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 364

ཟླ8པའི་ཚེས20ཉིན་གྱི་སྔ་དྲོར། ཤིང་བཟའ་སྐུ་ཕྲེང་ལྔ་བ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གི་གསོ་བ་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་རུ་འཚོགས།

རྨ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀུན་ཐར་གྱིས་གསུངས་བཤད་གནང་བཞིན་པ། 

   དབུ་འབྱེད་མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་ཀྲུང་བོད་གསོ་རིག་དོ་དམ་ཅུའུ་ཡི་ཅུའུ་ཀྲང་དོན་འགྲུབ་དང་རྨ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀུན་ཐར་རྣམ་གཉིས་ཀྱིས་ཤིས་ཚིག་ཕུལ། གཞན་རྨ་ལྷོ་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་རྣམ་པ་དང་། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གི་དངོས་སློབ་འཇིགས་མེད་རྡོ་རྗེ་དང་ཚེ་བཀྲ། བོད་ལྗོངས་སྨན་རྩིས་ཁང་གི་མཁས་དབང་གྲགས་ཅན་བསྟན་འཛིན་བཀྲ་ཤིས། པེ་ཅིང་བོད་སྨན་ཁང་གི་ཡོན་ཀྲང་སྒྲོལ་དཀར་སྐྱབས། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཟུར་པ། མིང་དུ་གྲགས་པའི་གསོ་རིག་ཆེད་མཁས་པ་ཁ་ལོ། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གླིང་གཙོ་ཀླུ་བྱམས་རྒྱལ། མཚོ་སྔོན་ཞིང་ཆེན་འཇིགས་མེད་བོད་སྨན་སྨན་རྫས་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་འཇིགས་མེད་ཕུན་ཚོགས་སོགས་ཀྱིས་མཚོན་པའི་བོད་ལྗོངས་དང་པེ་ཅིང་། མཚོ་སྔོན། སི་ཁྲོན། ཀན་སུའུ་བཅས་ནས་ཕེབས་པའི་གསོ་རིག་ཆེད་མཁས་པ་དང་སྐུ་མགྲོན་སུམ་བརྒྱ་ལྷག་ཚོགས་འདུར་ཞུགས།

མཚོ་སྔོན་ཞིང་ཆེན་ཀྲུང་བོད་གསོ་རིག་དོ་དམ་ཅུའུ་ཡི་ཅུའུ་ཀྲང་དོན་འགྲུབ་ཀྱིས་གསུངས་བཤད་གནང་བཞིན་པ།

ཐེངས་འདིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་མི་དམངས་སྲིད་གཞུང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བདེ་ཐང་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་གསོ་རིག་སློབ་ཚོགས། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་སོག་བོད་སྨན་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། རྩེ་ཁོག་རྫོང་བོད་སྨན་ཁང་། གཅན་ཚ་རྫོང་བོད་ལུགས་སྨན་ཁང་བཅས་ཀྱིས་རོགས་སྒྲུབ་བྱས་པ་རེད།

རྨ་ལྷོ་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་འཇིགས་བྱེད་ཀྱིས་གཏམ་བཤད་གནང་བཞིན་པ། 

རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ། གསོ་རིག་མཁས་ཅན་ཤིང་བཟའ་སྐུ་ཕྲེང་ལྔ་བ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་ནི་ཏང་དང་རྒྱལ་ཁབ། མི་དམངས་བཅས་ལ་བློ་དཀར་ཞིང་། ཁོང་གི་རྒྱལ་གཅེས་ཆོས་གཅེས་ཀྱི་སྙིང་སྟོབས་དང་བོད་ལུགས་གསོ་རིག་རྒྱུན་འཛིན། སྲུང་སྐྱོབ། འཇོན་མི་སྐྱེད་སྲིང་། ཚན་རིག་ཞིབ་འཇུག སློབ་གསོ་སློབ་སྒྲུབ་དང་རིག་གནས་ཐོན་ལས་དར་སྤེལ། ཡང་སྒོས་མདོ་སྨད་ཡུལ་དུ་དངུལ་ཆུ་བཙོ་བཀྲུའི་འདུལ་སྦྱོང་སོགས་ཀྱི་ལག་ལེན་རྨ་ལྷོ་ཁུལ་ནས་རྒྱུན་འཛིན་དང་དར་རྒྱས་སུ་གཏོང་བར་མཛད་རྗེས་མི་དམན་པ་བཞག་ཡོད།

 

       རྨ་ལྷོ་སོག་རྫོང་སོག་བོད་སྨན་ཁང་གི་སྨན་པ་འབུམ་རམས་པ་མ་ཅིག་གིས་གཏམ་བཤད་པ། 

ཚོགས་ཐོག་ཏུ་འབྲེལ་ཡོད་རིག་གཞུང་ཆེད་མཁས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བཤད་རྒྱུར། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་ནི་བོད་ལུགས་གསོ་རིག་གཙོས་གཞུང་བཀའ་པོད་ལྔ་སོགས་བསླབ་པའི་གནས་སྤྱི་ལ་མཁས་ཤིང་། སྐུ་ཚེ་གང་བོར་སྐྱེས་བུའི་ནད་རིགས་བཞི་བརྒྱ་རྩ་བཞི་དྲུངས་ནས་འབྱིན་པར་བྱས་ཏེ། ཟུག་རྔུས་གདུང་བའི་ནད་པ་རྣམས་བདེ་བར་ངལ་གསོ་བའི་ཐབས་བཏོན་པ། སྐྱེ་འགྲོ་རྣམས་ཀྱི་རེ་བ་ཡིད་བཞིན་དུ་སྐོང་བའི་ནོར་བུ་རིན་པོ་ཆེ་ཚེ་སྲོག་ཡུན་ཏུ་བསྲིངས་ནས། མིའི་བདེ་སྐྱིད་ཕུན་སུམ་ཚོགས་པའི་གནས་སུ་གྱུར་བའི་བོད་ཀྱི་གསོ་རིག་གི་ལས་དོན་ཐད་ནུས་ཤུགས་གང་ཡོད་བཏོན་ཡོད་མཁན་ཞིག་ཡིན་པར་འདོད།

ཕྱི་དྲོའི་རིག་གཞུང་བགྲོ་གླེང་གི་སྐབས་སུ་ཆེད་མཁས་པ་རྣམས་ཀྱིས་སྐྱབས་རྗེ་མ་ཧཱ་པཎྜིཏ་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གིས་མདོ་སྨད་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཅི་ལྟར་དར་སྤེལ་བཏང་བའི་སྐོར་དང་། དབང་ལུང་གི་ཆོ་ག་དང་བོད་ཀྱི་གསོ་བ་རིག་པ། དམ་པ་ཁོང་གི་མཛད་རྣམ་དང་འབྲེལ་ནས་དགེ་བའི་བཤེས་གཉེན་བསྟེན་ཚུལ་སྐོར། མདོ་སྨད་རེབ་གོང་ཡུལ་དུ་དངུལ་ཆུ་བཟོ་བཀྲུ་ཆེན་མོའི་ཕྱག་ལེན་ཐོག་མར་སྤེལ་བའི་ལོ་རྒྱུས་སྐོར། ཤིང་བཟའ་རིན་པོ་ཆེས་བོད་ཀྱི་གསོ་རིག་གི་སློབ་གསོའི་ཐད་བཞག་པའི་མཛད་རྗེས་སྐོར། ཤིང་བཟའ་རིན་པོ་ཆེའི་སྐྱེ་ཁམས་སྲུང་སྐྱོང་ཐད་ཀྱི་མཛད་རྗེས་སྐོར། དམ་པ་ཁོང་གིས་གཅན་ཚའི་ཡུལ་དུ་གསོ་རིག་གི་བཀའ་དྲིན་བསྐྱངས་ཚུལ། བོད་ཀྱི་གསོ་བ་རིག་པ་ལས་བསྟན་པའི་འབྲས་ནད་ཀྱི་གཞི་རྟགས་གསོ་གསུམ་གྱི་སྐོར་སོགས་དམ་པ་ཁོང་གི་མཛད་རྣམ་དང་གསོ་རིག་ལོ་རྒྱུས་ཀྱི་ཐད་ལ་བགྲོ་གླེང་བྱས།

ཚོགས་རའི་ཟུར་ཞིག

ཉེ་བའི་ལོ་ཤས་རིང་། རྨ་ལྷོ་ཁུལ་ཏང་ཨུ་དང་མི་དམངས་སྲིད་གཞུང་གི་བླ་མེད་རྒྱབ་སྐྱོར་དང་མཛུབ་སྟོན་འོག རྨ་ལྷོ་ཁུལ་བོད་ཀྱི་གསོ་རིག་སློབ་ཚོགས་དང་རྨ་ལྷོ་ཁུལ་གྱི་སྨན་ལས་སྡེ་ཁག་གིས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ། གཞི་རྩའི་སྲིད་ཇུས་བཅས་ལ་བརྩི་སྲུང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་སྲོལ་བཟང་ལ་བརྩི་མཐོང་། བོད་ལུགས་གསོ་བ་རིག་པའི་ལས་དོན་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་འཁྲི་དང་བླངས་སྒོས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་གྲུབ་འབྲས་མཉམ་སྤྱོད་དང་། སེམས་ཤུགས་གཅིག་སྒྲིལ། གསར་གཏོད་བདེན་འཚོལ་བཅས་ཀྱི་ཚོགས་པའི་ལམ་སྲོལ་གཙིགས་སུ་བཟུང་ཞིང་། བོད་ལུགས་གསོ་རིག་གི་ཚན་རིག་ཞིབ་འཇུག་དང་རིག་གཞུང་ཆུ་ཚད་མཐོ་རུ་གཏོང་བ་དང་། བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་བདེ་བླག་ངང་འཚར་ལོངས་འབྱུང་བ། བོད་ལུགས་གསོ་རིག་རིག་གནས་དཔལ་ཡོན་འཛུགས་སྐྲུན། བོད་སྨན་ལས་རིགས་ཀྱི་ཚད་གཞི་དང་ནུས་རྩལ་ཚད་ལྡན་ཅན་དུ་བཏང་བ། བོད་ལུགས་གསོ་རིག་གི་ཁྱད་ལྡན་བརྟག་བཅོས་ལག་རྩལ་སྔོག་འདོན་དང་ཁྱབ་གདལ་དུ་བཏང་བ། སྨན་རྫས་འདུལ་སྦྱོང་གི་ལག་རྩལ་རྒྱུན་འཛིན་དང་དར་སྤེལ་བཏང་བ་བཅས་བྱས་ཏེ། རྨ་ལྷོ་ཁུལ་གྱི་བོད་ལུགས་གསོ་རིག་ལས་དོན་སྤུས་ཚད་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་མ་ཟད། མི་དམངས་ཀྱི་བདེ་ཐང་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་བྱས་རྗེས་གང་ནུས་བཞག་ཡོད་པ་རེད། །

གསར་འགོད་པ། སྐལ་བཟང་རྣམ་རྒྱལ། 

རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།