ཉིས་སྟོང་ཉི་ཤུ་ལོའི་ཨོ་ལོ་མི་རིགས་རྒྱན་གོས་བྱིས་པའི་ཤོམ་འགྲོ་འགྲན་སྡུར་སྐབས་གཉིས་པའི་རྟིང་རྩོད་འགྲན་སྡུར་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ་ཁམས་ཡངས་སྐྱེ་ཁམས་ལྗོངས་རྒྱུ་ཁུལ་དུ་བསྡུས།
ཉིས་སྟོང་ཉི་ཤུ་ལོའི་ཨོ་ལོ་མི་རིགས་རྒྱན་གོས་བྱིས་པའི་ཤོམ་འགྲོ་འགྲན་སྡུར་སྐབས་གཉིས་པའི་རྟིང་རྩོད་འགྲན་སྡུར་གྱི་དཔྱད་འདེམ་པའི་སྡེ།
ཨོ་ལོ་རྟགས་མའི་མི་རིགས་རྒྱན་གོས་བྱིས་པའི་ཤོམ་འགྲོ་འགྲན་སྡུར་གྱི་ཐོག་མའི་འགྲན་སྡུར་དེ་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ནས་བཟུང་དྲ་ལམ་ནས་མིང་ཐོ་བཀོད་པ་བརྒྱུད་ཟླ་བརྒྱད་པའི་ཚེས་དགུ་ཉིན་ནས་ཚེས་བཅུ་ཉིན་བར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་སྤེལ་བ་དང་། ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་གྱི་བསྐྱར་འགྲན་བརྒྱུད་ནས་འགྲན་ཞུགས་བྱིས་པ་སུམ་ཅུ་ལྷག་མཇུག་མཐའི་རྟིང་རྩོད་འགྲན་སྡུར་ཁྲོད་ཚུད། མཇུག་མཐའི་རྟིང་རྩོད་འགྲན་སྡུར་ལ་བྱིས་པའི་ལོ་ན་ཆེ་ཆུང་ལ་གཞིགས་ནས་བྱིས་པ་ལོ་ཆུང་གི་སྐོར་དང་བྱིས་པ་ལོ་འབྲིང་གི་སྐོར། བྱིས་པ་ལོ་ཆེ་བའི་སྐོར་བཅས་ཚན་སྐོར་གསུམ་དུ་དབྱེ་ནས་མི་རིགས་ཀྱི་ལྭ་བ་གྱོན་ནས་ཤོམ་འགྲོ་བྱེད་པ་དང་དེང་རབས་ཀྱི་ལྭ་བ་གྱོན་ནས་ཤོམ་འགྲོ་བྱེད་པ། ཨོ་ལོ་རྟགས་ཅན་གྱི་བོད་ལྭ་གྱོན་ནས་ཤོམ་འགྲོ་བྱས་མཐར། དཔྱད་འདེམ་པ་རྣམས་ཀྱིས་འགྲན་སྡུར་ལ་ཞུགས་པའི་བྱིས་པ་རྣམས་ཀྱི་གར་སྟེགས་སྟེང་གི་ཉམས་འགྱུར་དང་རྒྱན་གོས་ཀྱི་ཁྱད་ཆོས། འགྲན་ཞུགས་སྤོབ་པ། ན་ཆུང་བྱིས་པ་རེ་རེའི་མ་འོངས་པའི་ཕུགས་བསམ་སོགས་ཕྱོགས་བསྡུས་ཀྱི་བྱང་ཚད་ལ་གཞིགས་ནས་དྲང་བདེན་དང་ཡོངས་བསྒྲགས་སྒོས་དཔྱད་འཇོག་ཨང་རིམ་བགར་བ་བརྒྱུད། མཐར་ཤོམ་འགྲོའི་ཉམས་འགྱུར་ཕུན་སུམ་ཚོགས་པའི་ཨོ་ལོའི་ཤོམ་པ་ཆུང་ཆུང་བཅུ་དང་ཕུལ་བྱུང་ཤོམ་པའི་མཚན་སྙན་ཐོབ་མཁན་བཅུ། ཨོ་ལོའི་ཤོམ་འགྲོ་འགྲན་སྡུར་གྱི་ཨང་གསུམ་པ་ཐོབ་མཁན་གསུམ་དང་ཨང་གཉིས་པ་ཐོབ་མཁན་གསུམ། ཨང་དང་པོ་ཐོབ་མཁན་གསུམ་བཅས་གདམ་ནས་གཟི་བརྗིད་དཔངས་ཡིག་དང་བྱ་དགའི་རྟགས་མ་བསྩལ་བ་རེད། མཚོ་སྔོན་ཨོ་ལོ་ཚོང་དོན་ཚད་ཡོད་ཀུང་ཟིས་བྱིས་པའི་རྒྱས་གོས་ཀྱི་ཚོང་ལས་གཙོ་བྱས་པའི་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རྒྱན་གོས་རིག་གནས་འདི་ལ་བརྟེན་ནས་ལོ་རེ་བཞིན་རྒྱ་ཆེ་བའི་བྱིས་པའི་ཤོམ་འགྲོ་འགྲན་སྡུར་ཞིག་བསྟུད་མར་སྤེལ་ཏེ། བོད་ཀྱི་བྱིས་པའི་རྒྱན་གོས་ལ་འགྲེམ་སྟོན་གྱི་གར་སྟེགས་ཆེན་པོ་ཞིག་བསྐྲུན་ཡོད་པར་མ་ཟད། ན་ཆུང་བྱིས་པ་རྣམས་ཀྱི་ལྷན་སྐྱེས་ཀྱི་ཤོམ་འགྲོའི་འཁྲབ་སྟོན་ནུས་པ་སྔོགས་འདོན་དང་ཆུང་དུས་ནས་ཕུགས་བསམ་གྱི་རྨི་ལམ་འགྲིམ་ཞིང་འཇོན་ཐང་གི་ལམ་ཁ་ཡངས་པ། དེ་མིན་བོད་ཀྱི་རྒྱན་གོས་རིག་གནས་འདི་ཉིད་དུས་རབས་དང་མཐུན་པར་མ་འོངས་པར་ཁ་ཕྱོགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་པ། དེང་རབས་ཅན་ལ་ཁ་ཕྱོགས་པ་བཅས་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད།
གསར་འགོད་པ། དཔའ་བརྟན་རྒྱལ།