༢༠༢༠ལོའི་ཧེ་ཡན་རྫོང་གི་རྩྭ་ཐང་གི་དགྱེས་འཛོམས་ཞེས་པའི་མུ་འབྲེལ་བྱ་འགུལ་ལས་ཞིང་བའི་ལོ་ལེགས་དུས་སྟོན་དང་ཞིམ་ཟས་འགྲན་སྡུར་གཉིས་སྤེལ་འགོ་བརྩམས།
༢༠༢༠ལོའི་ཧེ་ཡན་རྫོང་གི་རྩྭ་ཐང་གི་དགྱེས་འཛོམས་ཞེས་པའི་མུ་འབྲེལ་བྱ་འགུལ་ལས་ཞིང་པའི་ལོ་ལེགས་དུས་སྟོན་དང་ཞིམ་ཟས་འགྲན་སྡུར་ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན་མདའ་བཞི་བོན་གྱ་ཕྱུགས་ར་ནས་སྤེལ། འདི་ནི་ཞིང་ཆེན་དང་ཁུལ་ཏང་ཨུ་དང་སྲིད་གཞུང་བཅས་ཀྱིས་ཧེ་ཡན་རྫོང་གི་བྱ་བ་དང་ལྷག་པར་དུ་ཞིང་ལས་དང་ཞིང་སྡེའི་བྱ་བ། ཞིང་བ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཐད་ལ་མཐོང་ཆེན་ཚད་མཐོན་པོ་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་པའི་མཚོན་བྱེད་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་དུས་ནམ་ཡིན་ཡང་ཞིང་ལས་སྣང་མེད་དུ་འཇོག་མི་རུང་བ་དང་ཞིང་བ་མང་ཚོགས་བརྗེད་མི་ཉན་ལ་ཞིང་སྡེ་ཉམས་ཞན་དུ་གཏོང་མི་རུང་ཞེས་པའི་དགོངས་དོན་ལྟར། ཉེ་བའི་ལོ་འགའི་རིང་ལ་ཧེ་ཡན་རྫོང་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ཡར་སྐུལ་བཏང་ནས། ཞིང་སྡེ་དར་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་རྒྱུ་དམིགས་འབེན་བྱེད་པ་དང་ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་བཅོས་བསྒྱུར་ཁ་ཕྱོགས་སུ་བྱེད་པ། དབུལ་ཐར་མཁྲེགས་གཏོར་དམ་འཛིན་བྱེད་རྒྱུ་གཙོ་གནད་དུ་འཛིན་པ་བཅས་བྱས་ཏེ། ཁྱོན་ཡོངས་ནས་ཞིང་སྡེའི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཞིང་སྡེའི་ཐུན་མོང་གི་ཁེ་དབང་ལམ་ལུགས་བཅོས་བསྒྱུར་བྱེད་པ་སོགས་བྱ་བ་གཙོ་བོར་སྐུལ་འདེད་བཏང་མཐར། རྫོང་ཡོངས་ཀྱི་ཞིང་སྡེའི་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་སྒོས་མཐོར་འདེགས་དང་ལས་ཞུགས་གསར་གཏོད་བགྲོད་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་དུ་བཏང་ནས། ལོ་ལེགས་ཀྱིས་དབུལ་ཐར་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་དར་སྤེལ་ལ་རོགས་འདེགས་བྱེད་པའི་དམིགས་འབེན་ངེས་པ་དོན་གྱིས་མངོན་འགྱུར་བྱུང་ཡོད་ལ། ལྷག་པར་དུ་དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་ཆེས་ཆེར་འཕར་སྣོན་བྱུང་ནས། ད་ལོའི་སྤུས་ཚད་མཐོ་བའི་སྤྱིའི་དབུལ་ཐར་དང་ཞིང་སྡེ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པར་རྨང་གཞི་བརྟན་པོ་བཏང་ཡོད། ཐེངས་འདིའི་ལོ་ལེགས་དུས་སྟོན་སྤེལ་བའི་ཉིན་གཉིས་ཀྱི་རིང་ལ་ཞིང་བ་མང་ཚོགས་ཀྱི་ལོ་ལེགས་དུས་སྟོན་ལ་རོལ་བ་དང་ལོ་ལེགས་གྲུབ་འབྲས་འགྲེམ་སྟོན་བྱེད་པ། དམངས་ཡོངས་ཀྱིས་ལོ་ལེགས་སྐྱིད་སྣང་ལ་རོལ་བ། གཞན་གློག་རྡུལ་བྲིན་འཚོང་དང་ཐོན་རྫས་འགྲེམ་འཚོང་། དམངས་སྲོལ་འཁྲབ་སྟོན། ཞིམ་ཟས་འགྲན་སྡུར་སོགས་ནང་དོན་ཕུན་སུམ་ཚོགས་པའི་མུ་འབྲེལ་བྱ་འགུལ་སྤེལ་ཏེ། སྤྱི་ཚོགས་ཡོངས་ཀྱིས་ཞིང་ལས་ནི་མདུན་ལམ་ཡོད་པའི་ཐོན་ལས་ཤིག་དང་ཞིང་པ་ནི་འགུགས་ཤུགས་ལྡན་པའི་ལས་རིགས་ཤིག ཞིང་སྡེ་ནི་བདེ་སྡོད་ལས་བརྩོན་གྱི་གཞིས་ཁྱིམ་ཞིག་ཡིན་པ་སྔར་ལས་ཤེས་ཚོར་བྱུང་དུ་བཅུག་ཡོད།
གསར་འགོད་པ། དཔའ་བརྟན་རྒྱལ།