ད་ལོའི་ལོ་སྟོད་དུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་ས་ཡ་གསུམ་ལྷག་སྣེ་ལེན་བྱས་པ་དང་། དེ་ན་ནིང་དང་བསྡུར་ན་བརྒྱ་ཆའི་གྱ་བཞི་སླར་གསོ་བྱུང་ལ། གནས་སྐོར་གྱི་ཡོང་སྒོ་ཐེར་འབུམ་གཅིག་དང་བྱེ་བ་བཞི་ས་ཡ་གསུམ་ལ་སླེབས་པ་དང་། ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གོ་གཅིག་སླར་གསོ་བྱུང་ལ། སྤྱི་ཁོག་གི་སླར་གསོ་གནས་བབ་ཧ་ཅང་བཟང་།
རྨ་ལྷོ་ཁུལ་གྱིས་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དང་བོད་ཆའང་དབྱིས་རིགས་གསུམ་གྱི་རིག་གནས་ཐོན་ལས་བར་ཁྱམས་སྲོག་ཤིང་ཁུལ་འཛུགས་སྐྲུན་གྱི་གོ་སྐབས་བེད་སྤྱོད་པ་དང་། རྨ་ལྷོ་རིག་གནས་གནས་སྐོར་ཚོང་རྟགས་ལ་དམིགས་པ། ཞིང་ཆེན་ཡོངས་ཀྱི་རིག་གནས་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་རྒྱབ་རྟེན་པ། ཆུའུ་གཅིག་དང་ར་བ་བཞི། གནས་མང་གི་འཕེལ་རྒྱས་གྲུབ་ཚུལ་གཞིར་བཟུང་ནས། ཁམས་ར་ལྗོངས་རྒྱུ་ཁུལ་སྲོག་ཤིང་དུ་བྱས་པའི་རྗེས་དར་རིག་གནས་ཐོན་ལས་ར་བ་དང་། རོང་བོ་དགུ་ཆུའི་བཞུར་རྒྱུད་ཁུལ་ལྟེ་གནས་སུ་བྱས་པའི་རེབ་གོང་རིག་གནས་སྒྱུ་རྩལ་ཐོན་ལས་ར་བའི་ཁུལ། དམེ་ཤུལ་མཛེས་ལྗོངས་དང་བོད་ཀྱི་དམངས་སྲོལ་རིག་གནས་སོགས་སྲོག་ཤིང་དུ་བྱས་པའི་བོད་ཀྱི་དམངས་སྲོལ་རིག་གནས་ཐོན་ལས་ར་བའི་ཁུལ་འཛུགས་སྐྲུན་བྱས།
དེ་དང་མཉམ་དུ། སྡེ་བ་དང་གྲོང་རྡལ་གྱི་ཐོན་ལས་དང་དམངས་སྲོལ། བཟོ་རྩལ། བཟོ་སྐྲུན་སོགས་ཁུལ་ཁོངས་རིག་གནས་ཐོན་ཁུངས་ཀྱི་སྔོག་འདོན་ལེགས་བཅོས་དང་རྒྱུན་འཛིན་བྱས་པ་བརྒྱུད་དེ། བདེ་སྐྱིད་ཞིང་སྡེའི་གནས་སྐོར་ཡུལ་གནས་དང་རེབ་གོང་ཐང་ཀའི་ཁྱད་ཆོས་གྲོང་རྡལ་སོགས་ཁྱད་ལྡན་རིག་གནས་གནས་སྐོར་གྲོང་རྡལ་སྐོར་ཞིག་འཛུགས་སྐྲུན་བྱས་པ་དང་། ཐོན་ལས་དང་གྲོང་གསེབ། གནས་སྐོར། སྐྱེ་ཁམས་ཀྱི་ཕྱོགས་བཞི་གཞི་གཅིག་གི་རིགས་གསར་རིག་གནས་གནས་སྐོར་དང་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་པར་བྱས།
སྔ་གཞུག་ཏུ་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་གཉིས་དང་ཞིང་ཆེན་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་བཞི། རིག་གནས་གནས་སྐོར་ཐོན་ལས་དཔེ་སྟོན་རྟེན་གཞི་དྲུག ཞིང་ཆེན་རིམ་པའི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་དབུལ་སྐྱོར་རྟེན་གཞི་བཅུ་བཞི། མཚོ་སྔོན100རིག་གནས་གནས་སྐོར་མྱོང་ཚོར་ཡུལ་གནས་བཅུ་དགུ། གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞི་བརྒྱད་སྐྱེད་སྲིང་བྱས་པ་དང་། རིག་གནས་ཐོན་ལས་གནས་སྐོར་ཐད་ནས་གཞི་ཁྱོན་ཐོག་མ་གྲུབ་ཡོད།
དེ་ལས་གཞན། རྨ་ལྷོ་ཁུལ་གྱིས་ད་དུང་གཞི་ཁྱོན་ཆེས་ཆེ་བའི་ཐང་ཀ་འགྲེམ་སྟོན་དང་མི་མང་པོས་མཉམ་དུ་ཐང་ཀ་འབྲི་བའི་ཅི་ཉི་སི་འཛམ་གླིང་ཟིན་ཐོའི་ཡར་ཞུ་ལེགས་འགྲུབ་བྱུང་ནས། ཁུལ་ཁོངས་ཁྱད་ལྡན་རིག་གནས་ཀྱི་ཤན་ཤུགས་རྒྱ་སྐྱེད་པའི་ཞོར་དུ། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མང་པོ་ནང་འགུག་བྱས།
ལོ་ཙཱ་བ། རིན་ཆེན་མཚོ།