འབྱོར་འབྲིང་གི་ལམ་དུ་འཆམ་མཐུན་གྱིས་བསྐྱོད་པའི་ཁི་སུའུ་ཨར་གྲོང་ཚོ།
2020.08.31 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 49

ཉེ་ཆར། ང་ཚོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི《རྨ་ཙོང་བོད་ཡུལ་དུ་བསྐྱོད་པ》འི་བཅར་འདྲིའི་ཚན་ཆུང་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཉི་ཟླ་བོད་རིགས་ཞང་དུ་བསྐྱོད་དེ་ཁི་སུའུ་ཨར་སྡེ་བའི་མི་རིགས་མཐུན་སྒྲིལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་སོང་བ་ཡིན། སྡེ་བ་འདིར་མཚོན་ན། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡེ་བ་དང་རྒྱལ་ཡོངས་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་དཔེ་སྟོན་ས་ཚིགས། ཟི་ལིང་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཐུན་མོང་སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་པ་རེད།

ཉི་ཟླ་རི་བོའི་འོག་ཏུ་གནས་པའི་ཁི་སུའུ་ཨར་སྡེ་བ་ནི་མི་རིགས་འདུས་སྡོད་ཀྱི་སྡེ་བ་ཞིག་ཡིན་ཞིང་། སྡེ་བ་དེར་མི་779ཡོད་པ་དེའི་ནང་95%བོད་རིགས་ཡིན་པ་དང་། 2017ལོར་སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་དང་སྟོང་གཉིས་ཡིན་པ་རེད། གསར་འགོད་པ་སྡེ་བ་འདིར་ཐོན་མ་ཐག་ཏུ་སྡེ་བ་འདིའི་མི་རིགས་མཐུན་སྒྲིལ་ཕྱོགས་སུ་ཇི་འདྲའི་བཟང་ཨང་སྙམ་པའི་ཚོར་བ་ཞིག་སྐྱེས་བྱུང་སྟེ། རྒྱུ་མཚན་ནི་གྲོང་ཚོ་འདིའི་ནང་གི་འཛུགས་སྐྲུན་དང་ལྗོངས་བཀོད་ཀྱི་རྣམ་པ་ལ་རྒྱ་བོད་མཉམ་འདུས་ཀྱི་རིག་གནས་མཁའ་དབུགས་ཀྱིས་ཀུན་ནས་ཁྱབ་འདུག་སྟེ། དཔེར་ན། གྲོང་ཚོའི་ནང་གི་བདེ་ཐང་རིག་གནས་གླིང་ནི་རྒྱ་བོད་འཛུགས་སྐྲུན་གྱི་ཉམས་འགྱུར་ལྡན་པའི་ཐོན་རྫས་ཤིག་ཡིན་པ་ལྟ་བུ་རེད།

སྒྲ། 【ང་ཚོ་སྡེ་བ་ནི་མི་རིགས་མཉམ་འདྲེས་ཀྱི་སྡེ་བ་ཞིག་ཡིན་ཞིང་། མི་རིགས་ཀྱི་དབྱེ་བ་མེད་པར་ཕན་ཚུན་ལ་སེམས་ཁུར་དང་རོགས་རམ་བྱེད་པ་ཡིན་ལ། ཁ་འབྲལ་ཐབས་མེད་པ་གསུམ་དང་མོས་མཐུན་ལྔ་ཡི་རེ་བ་ལྟར་རྒྱ་བོད་ཕན་ཚུན་གཉེན་བསྡེབས་པ་སོགས་ཀྱི་ཐད་ནས་ཧ་ཅང་བཟང་། ལོ་ངོ་འདི་འདྲའི་མང་པོའི་རིང་ལ་ང་ཚོ་ཕན་ཚུན་བར་རྩོད་གཞི་དང་འགལ་བ་གཅིག་ཀྱང་མེད། དེར་མ་ཟད་2016ལོར་ང་ཚོ་སྡེ་བ་ཡོངས་དབུལ་ཐར་བྱས་ཟིན་པས་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཞུས་པ་ཡིན།】

གོང་དུ་སྟོང་སྐོར་རྫོང་ཉི་ཟླ་བོད་རིགས་ཞང་གི་ཁི་སུའུ་ཨར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མཱ་ཧྲིན་ཀྲོང་གིས་བཤད་པ་ལྟར། སྡེ་བ་འདི་ལ་མཚོན་ན་བོད་རིགས་ཕན་ཚུན་བར་མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་སྦྲེལ་ཡོད་པ་མ་ཟད། རྒྱ་བོད་ཕན་ཚུན་བར་དུ་ཡང་མི་རིགས་དང་རིགས་རུས་ཀྱི་དབྱེ་བ་དང་བཀག་རྒྱ་མེད་པར་ཕན་ཚུན་མཛའ་མཐུན་དང་འབྲེལ་འདྲིས་དམ་ཟབ་བྱེད་ཀྱིན་འདུག དེ་ནས་གསར་འགོད་པས་ཉི་ཟླ་བོད་རིགས་ཞང་ཁི་སུའུ་ཨར་སྡེ་བའི་མང་ཚོགས་ཚའོ་ཅིན་ལེན་ལ་བཅར་འདྲི་བྱས་པ་ན། མོས་ཀྱང་དེར་མཐུན་གྱི་སྐད་ཆ་བཤད་བྱུང་སྟེ།

སྒྲ། 【ང་ཚོ་སྡེ་བ་ནི་མི་རིགས་མཐུན་སྒྲིལ་གྱི་སྡེ་བ་ཞིག་ཡིན་ཞིང་། ང་ཚོ་རྒྱ་བོད་ཕན་ཚུན་གཉེན་བསྡེབས་པ་དང་སུ་ཞིག་ལ་དཀའ་ཁག་ཡོད་རུང་ཕན་ཚུན་ལ་རོགས་རམ་བྱེད་པ་ཡིན། དེར་མ་ཟད་ཞིང་སྡེའི་ཡུལ་སྐོར་གཉེར་ནས་ལོ་ལྔ་ལྷག་འགོར་སོང་། ངའི་ཁྱིམ་ན་ལོ་ལོན་དང་བྱིས་པ་ཡོད་པས་ས་གཞན་ལ་ཞོར་ལས་སུ་འགྲོ་མི་ཐུབ་རུང་། ཡུལ་སྐོར་འདི་གཉེར་ན་ལོ་གཅིག་ལ་སྒོར་ཁྲི་གཅིག་ལྷག་འཚོལ་ཐུབ་པས་ཤིན་ཏུ་བཟང་གི】

ཉེ་བའི་ལོ་འདི་དག་གི་རིང་ལ། སྟོང་སྐོར་རྫོང་ཉི་ཟླ་བོད་རིགས་ཞང་གི་ཁི་སུའུ་ཨར་སྡེ་བས་མི་རིགས་མཐུན་སྒྲིལ་གྱི་ཕྱོགས་སུ་དཔེར་སྟོན་གྱི་བྱ་གཞག་གང་མང་བསྒྲུབས་པ་མ་ཟད། སྡེ་བའི་མང་ཚོགས་རྣམས་ཀྱིས་རང་སྟེང་ནས་མཐུན་སྒྲིལ་དང་འཆམ་མཐུན་གྱི་འདུ་ཤེས་རྨང་ནས་སད་དེ། མང་ཚོགས་རེ་རེས་མཐུན་སྒྲིལ་གྱི་དཔུང་རྡང་མཉམ་བཤིབ་བྱས་ནས་འབྱོར་འབྲིང་གི་ཕྱོགས་སུ་འཆམ་མཐུན་གྱིས་བསྐྱོད་ཀྱིན་འདུག

རྩོམ་སྒྲིག་པ་དང་མདོ་འཛིན་པ། ཤ་བོ་གསེར་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།