ཡུལ་སྐོར་འདུ་ལོང་ཁྲོད་ཀྱི་དམག་དཔོན་ལུང་བ།
2020.08.31 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 109

ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཞང་ཧྭ་བོད་རིགས་ཞང་ན་དམག་དཔོན་ལུང་བ་ཞེས་པའི་སྡེ་བ་ཞིག་ཡོད་ལ། སྡེ་བ་དེ་ནི་ཕྱིའི་སྣོད་ཀྱི་བཀོད་པ་ལ་རང་བྱུང་རི་ཆུའི་མཛེས་སྡུག་གི་བཀྲག་མདངས་རབ་ཏུ་རྒོད་ཅིང་། ནང་བཅུད་ཀྱི་སེམས་ཅན་ལ་འབྱོར་ཕྱུག་སྟོང་གི་འཚོ་བས་རབ་ཏུ་བརྟས་འདུག་པས། གསར་འགོད་པ་དག་གིས་སྡེ་བ་འདིའི་འབྱོར་ཕྱུག་དང་དཔལ་ཡོན་གྱི་གནས་ཚུལ་ལ་སྔར་ལས་ཟབ་པའི་རྒྱུས་ལོན་ཞིག་བྱ་སྙམ་པའི་འདུན་པ་ཞིག་གིས་ཀུན་ནས་བསླངས་བྱུང་།

མ་གཞི་དམག་དཔོན་ལུང་བ་ཞེས་པའི་སྡེ་བ་འདིས་སྡེ་བའི་སྐྱེ་ཁམས་ཡུལ་སྐོར་གྱི་རང་བྱུང་ཆ་རྐྱེན་ལ་གཞིར་བཅོལ་ཞིང་། ཤར་ནུབ་རྒྱུད་མཉམ་ལས་དང་ཡུལ་སྐོར་དབུལ་སྐྱོར་སོགས་ཀྱི་ལས་གཞིའི་དངུལ་གཏོང་འཛུགས་སྐྲུན་ལ་བརྟེན་ནས། ཁྲོམ་ར་ལྟེ་བ་བྱས་ཏེ་ཞིང་སྡེ་ཡུལ་སྐོར་གྱི་ཐོན་ལས་མུ་ཁྱུད་རིགས་སྣ་བཞི་བཙུགས་ཤིང་། དེ་ལ་བརྟེན་ནས་སྡེ་བའི་མང་ཚོགས་རྣམས་ཀྱི་ཡོང་འབབ་འཕར་སྣོན་བྱུང་དུ་བཅུག དེའི་སྐོར་ནས་ཏ་ཐུང་རྫོང་རིག་གནས་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་མཱ་ཞིག་ཆིན་གྱིས་བཤད་རྒྱུར།

སྒྲ། 【ང་ཚོས་སྐྱེ་ཁམས་ཞིང་ལས་དང་འདེབས་གསོའི་ཉམས་ལེན། སིལ་ཏོག་དང་སྔོ་ཚལ་འཐུ་བ། ཕྱི་རོལ་གྱི་ལུས་སྦྱོང་། སྤྲོ་གསེང་། དམངས་སྲོལ་ལྟ་སྐོར། ཟ་ཁང་གཉེར་བ། དངོས་ཟོག་ཉོ་བ་སོགས་ཀྱི་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཀྱི་ལས་ཞུགས་གོ་སྐབས་ལ་སྐུལ་ཁྲིད་བྱས་ཡོད། མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་ཕྱིན་པ་དེས་ས་གནས་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་བྱ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། གོམ་སྟབས་རྗེས་མར་ང་ཚོས་མུ་མཐུད་དུ་བཏོད་ཟིན་པའི་་ཡུལ་སྐོར་ཐོན་ལས་ཁུལ་བཞི་རིམ་སྤོར་བྱ་རྒྱུ་ཡིན་ལ། རྒྱུན་ཆད་མེད་པར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་སྡེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་མ་ལག་འཐུས་ཚང་དུ་གཏོང་བ། ཞིང་སྡེའི་ཡུལ་སྐོར་གྱི་རིག་གནས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་སྔོག་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་ང་ཚོ་ཏ་ཐུང་རྫོང་གི་ཞིང་སྡེའི་ཡུལ་སྐོར་སྔར་ལས་དར་རྒྱས་ཡོང་བར་བྱ་རྒྱུ་ཡིན། 】

ཉེ་བའི་ལོ་འདི་དག་གི་རིང་ལ། སྡེ་བ་འདིས་ཡུལ་སྐོར་གྱིས་སྡེ་བ་དར་རྒྱས་སུ་གཏོང་པའི་འཕེལ་རྒྱས་བསམ་ཕྱོགས་གཙོར་བཟུང་ནས། རང་བྱུང་ཁོར་ཡུག་གི་དགེ་མཚན་དང་མི་ཆོས་ལོ་རྒྱུས། དམངས་སྲོལ་རིག་གནས་སོགས་བེད་སྤྱད་དེ། ཞིང་སྡེ་སྐྱེ་ཁམས་ཡུལ་སྐོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ཞིང་། སྡེ་བ་ཧྲིལ་བོ་འབྱོར་ཕྱུག་གི་ལམ་དུ་སྣེ་ཁྲིད་བྱས་ཡོད་ལ། ལྷག་པར་དུ་དབུལ་ཕོངས་ཁྱིམ་ཚང་ལ་དམིགས་སུ་རྒྱབ་སྐྱོར་བྱས་ཏེ་དབུལ་ཐར་གྱི་ཕྱོགས་སུ་གོམ་པ་བརྟན་པོ་སྤོ་རུ་བཅུག་ཡོད། དེའི་སྐོར་ནས་དམག་དཔོན་ལུང་བ་སྡེ་བའི་ཧྲུའུ་ཅི་དང་པོ་ཝང་ཁྲོན་ཡོན་གྱིས་བཤད་རྒྱུར།

སྒྲ། 【ང་ཚོའི་དམག་དཔོན་ལུང་བ་སྡེ་བའི་ནགས་ཚལ་ཁེབས་ཚད་95%ལ་སླེབས་ཡོད། ང་ཚོས་མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་བེད་སྤྱད་ནས་ཡུལ་སྐོར་འཕེལ་རྒྱས་བཏང་བ་དང་། ད་ལྟ། གཅིག་ནས། ང་ཚོའི་ཞིང་སྡེའི་ཡུལ་སྐོར་ཐད་མ་དངུལ་སྒོར་ཁྲི་1300ལྷག་ཙམ་བཏང་ཟིན་པ་དང་། དམག་དཔོན་ལུང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་བདུན་གྱིས་མཛེས་ལྗོངས་ཁུལ་འདིའི་ནང་ཡུན་རིང་ཞོར་ལས་ལས་ཀྱིན་ཡོད་ལ། བསྡོམས་པས་དབུལ་ཕོངས་ཁྱིམ་ཚང11ལ་སྐུལ་ཁྲིད་བྱས་ཡོད། དེ་བས་དབུལ་ཕོངས་ཁྱིམ་ཚང་གི་ཡོང་འབབ་དང་མང་ཚོགས་ཀྱི་ཡོང་འབབ་ཐད་མཐོར་འདེགས་ཆེན་པོ་བྱུང་ཡོད། གཉིས་ནས། ང་ཚོའི་དམག་དཔོན་ལུང་སྡེ་བས་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་སུ་བཏང་བ་དང་།  ཁྱིམ་ཚང་བདུན་གྱི་སྤྲོ་སྐྱིད་ཁང་འཁོར་སྐྱོད་བྱེད་འགོ་ཚུགས་ཡོད་ཅིང་། ཁྱིམ་ཚང་གཉིས་ཀྱི་དམངས་སྲོལ་རིག་གནས་ཀྱང་འཕེལ་རྒྱས་བྱུང་ནས་བསྡོམས་པས་ཁྱིམ་ཚང་དགུའི་སྤྲོ་སྐྱིད་གླིང་ལ་སྐུལ་ཁྲིད་བྱས་ཡོད། གསུམ་ནས། ང་ཚོས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱི་རོགས་སྐྱོར་ལ་བརྟེན་ནས། གོམ་སྟབས་རྗེས་མར་ཞིང་ནང་དུ་སྔོ་ཚལ་དྲོད་ཁང་གཉེར་རྩིས་ཡོད། སྔོ་ཚལ་དྲོད་ཁང་ཆེན་མོ་གཉེར་བ་ནི་ང་ཚོའི་ཞིང་སྡེའི་ཡུལ་སྐོར་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན། ཕྱོགས་འདི་བརྒྱུད་ནས་ང་ཚོས་ས་ཞིང་སྐོར་རྒྱུག་བྱེད་པ་དང་། མང་ཚོགས་རྣམས་ཀྱིས་དྲོད་ཁང་ཆེན་མོ་འདིའི་ནང་དུ་ལས་ཀ་གཉེར་ན་ང་ཚོ་དམག་དཔོན་ལུང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་20ལ་སྐུལ་ཁྲིད་ཐུབ་པ་དང་། དེས་ང་ཚོའི་དབུལ་ཐར་མཁྲེགས་གཏོར་སྲ་བརྟན་དང་མཐོར་འདེགས་གཏོང་བའི་ཐད་ནུས་པ་ཆེན་པོ་ཐོན་ཐུབ། 】

དམག་དཔོན་ལུང་བ་སྡེ་བས་གནད་འཁེལ་དབུལ་སྐྱོར་གྱི་ལས་གཞིའི་རྣམ་གྲངས་དང་། ཞིང་སྡེ་རིག་གནས་དང་སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་སྣེ་ཁྲིད་བྱས་ཏེ། གནས་འདིའི་མི་རྣམས་ལ་རྒྱུ་དང་ནོམ་གྱི་འབྱོར་བ་ཕུན་སུམ་ཚོགས་ཤིང་། ཞིང་སྡེ་རིག་གནས་དཔལ་ཡོན་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་སོང་ནས། དུས་རབས་གསར་པའི་སྤྱི་ཚོགས་ཀྱི་རླབས་རྒྱུན་ཁྲོད་ན་མཛེས་སྡུག་དང་འབྱོར་ཕྱུག་གི་ཁྲོད་དུ་མདུན་ནས་མདུན་དུ་བསྐྱོད་ཀྱིན་མཆིས།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ཤ་བོ་གསེར་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།