མེ་ཏོག་གི་རྒྱ་མཚོ། མི་ཚོགས་ཀྱི་རྦ་རླབས།
2020.08.31 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 201

ཉེ་ཆར།  ང་ཚོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི《རྨ་ཙོང་བོད་ཡུལ་དུ་བསྐྱོད་པ》འི་བཅར་འདྲིའི་ཚན་ཆུང་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲོ་པེ་བོད་རིགས་ཞང་དུ་སོང་ནས་སྤེན་མ་ལུང་སྡེ་བའི་ཞིང་སྡེ་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ཡིན། སྤེན་མ་ལུང་སྡེ་བར་ཁྱིམ་ཚང་162ཡོད་པ་དང་མི་གྲངས612ཡོད་པའི་ཁྲོད་བོད་རིགས་དང་སོག་རིགས། ཧོར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་སྡེ་བ་ཡོངས་ཀྱི་སྤྱིའི་མི་འབོར་གྱི་67%ཟིན་ཡོད། གནས་འདི་རུ་ཐག་རིང་དུ་རི་ཡོད་པ་དང་། ཉེ་སར་ནགས་ཚལ་ཡོད་པ། སྐྱེ་ཁམས་ཀྱི་ཐོན་ཁུངས་ཁྱད་དུ་འཕགས་པས། “རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་”སྐྱེ་ཁམས་འཕེལ་རྒྱས་ཀྱི་འདུ་ཤེས་ལ་བརྟེན་ནས་སྤེན་མ་ལུང་སྡེ་བས་“མེ་ཏོག་གི་རྒྱ་མཚོའི”བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད་ཅིང་། “རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་སྡེ་བའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ”ལ་གྱུར་ནས་སྡེ་བའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱང་མི་ཉུང་བ་ཞིག་མཐོ་རུ་ཕྱིན་ཡོད་ལ། བོད་རིགས་ཞང་གི་རི་གྲོང་ན་མེ་ཏོག་གི་དྲི་ཞིམ་འཐུལ་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བས་སྡེ་མིའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། སྤེན་མ་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིས་ཕེ་ཏུང་གིས་བཤད་རྒྱུར།

སྒྲ། 【ང་ཚོ་སྤེལ་མ་ལུང་སྡེ་བའི་མེ་ཏོག་གི་རྒྱ་མཚོ་ནི་ཞིང་སྡེའི་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་ཡིན། 2015ལོ་ནས་བཟུང་ང་ཚོས་ཡུལ་སྐོར་འཕེལ་རྒྱས་སུ་བཏང་བ་ཡིན། སྔོན་ཆད་ཡིན་ན་ང་ཚོ་ས་ཆ་འདིའི་ས་བབས་མཐོ་བ་སོགས་ཀྱི་དབང་གིས་ཞིང་ཕྱུགས་ལས་གཉེར་ཐབས་མེད་པས། ང་ཚོའི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཞིང་སྡེའི་ཡུལ་སྐོར་གཉེར་རྒྱུར་གྲོས་ཐག་བཅད་པ་ཡིན། ལོ་ལྔ་ཙམ་གྱི་འཕེལ་རྒྱས་བརྒྱུད་ད་ལྟ་འདི་ན་བསྡོམས་པས་ཞིང་ཁྱིམ་སྤྲོ་གསེང་གླིང་ལྔ་བཅུ་ལྷག་ཡོད་ལ། མ་དངུལ་ཀྱང་སྒོར་བྱེ་བ་ལྔ་ལྷག་བཏང་ཡོད་ཅིང་། མི་རེའི་ལོ་གཅིག་གི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་བཞི་ལ་སླེབས་པ་དང་། སྡེ་བ་ཡོངས་ཀྱི་ལོ་གཅིག་གི་ཡོང་སྒོ་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་ལ་སླེབས་ཡོད།】

རྒྱུས་ལོན་པ་ལྟར་ན། 2017ལོར་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཆེད། ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་རྒྱུར་སྐུལ་ཁྲིད་བྱས་པ་དང་། ཤར་ནུབ་རྒྱུད་ཀྱི་རོགས་ལས་གོ་སྐབས་དང་བསྟུན་ནས་ནན་ཅིང་སློབ་ཆེན་དང་ཤར་ལྷོའི་སློབ་ཆེན་གྱིས་སྡེ་བ10ལ་སྡེ་བ་རེར་ཁྱད་ཆོས་རེ་དང་སྡེ་བ་རེར་མཛེས་ལྗོངས་ཁུལ་རེ་ཡོད་པའི”འཆར་འགོད་ཇུས་འགོད་གཞིར་བཟུང་ནས། ཞིང་ཆེན་རིམ་པའི་ཡུལ་སྐོར་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་ཁྲི་500བཏང་སྟེ་མེ་ཏོག་གི་རྟེན་གཞི་དང་བཟའ་བཏུང་ཞག་སྡོད། རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་སྡེའི་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་གླིང་འཛུགས་སྐྲུན་བྱས་ཤིང་། དེའི་ཡོང་འབབ་ཀྱི་50%ཐོན་ལས་གླིང་རིམ་སྤོར་དང་སྟོབས་ཆེར་གཏོང་རྒྱུར་སྤྱོད་རྒྱུ་དང་། ཡོང་འབབ་ཀྱི་30%སྡེ་བ10ལ་བགོ་བཤའ་བརྒྱབ་པ་རེད། སྤྱི་ཕན་ལས་གནས་སུ་གཙོ་བོ་ཕྱིར་ཞོར་ལས་སུ་འགྲོ་མི་ཐུབ་པའི་དབུལ་ཕོངས་མི་སྣ་བཀོད་སྒྲིག་བྱས་ཏེ། ལུགས་མཐུན་གྱི་ངལ་རྩོལ་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བྱས་པ་དང་། ཡོང་འབབ་ཀྱི་20%སྡེ་བ་བཅུའི་ཁྲོད་ཀྱི་དབང་པོ་སྐྱོན་ཅན་དང་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་ལ་ཁ་གསབ་བྱ་རྒྱུར་སྤྱད་དེ། དབུལ་ཕོངས་ངལ་རྩོལ་མི་སྣས་རང་སར་ལས་ཞུགས་ཐུབ་པ་བྱས་ནས་ཡོང་འབབ་ཇེ་མང་དུ་བཏང་། དེའི་སྐོར་ནས་ཧྲོ་པེ་བོད་རིགས་ཞང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞང་གཙོ་ཏའེ་གོ་ཚང་གིས་བཤད་རྒྱུར།

【2017ལོ་ནས་བཟུང་གོང་རིམ་ལས་ཁུངས་དང་འགོ་ཁྲིད་ཀྱི་ཐུགས་ཁུར་འོག  ང་ཚོ་ཧྲོ་པེ་ཞང་གི་སྡེ་བ་བཅུ་ནས་ཞིང་སྡེའི་ཡུལ་སྐོར་རྣམ་གྲངས་སྤེལ་འགོ་བརྩམས་པ་ཡིན། དེའི་ནང་སྤེན་མ་ལུང་སྡེ་བ་ནས་གཙོ་བོ་མེ་རོག་གི་རྒྱ་མཚོ་ཞེས་པའི་ཁྱད་ལྡན་ཡུལ་སྐོར་འདི་འཕེལ་རྒྱས་སུ་བཏང་བ་དང་། ས་གནས་མང་ཚོགས་ལ་སྐུལ་ཁྲིད་བྱས་ནས་ཞིང་ཁྱིམ་སྤྲོ་གསེང་གླིང་བཙུགས་ཏེ་ཁྱད་ལྡན་ཟས་རིགས་གཉེར་བ་དང་དབུལ་ཕོངས་མང་ཚོགས་ཀྱིས་རང་ས་ནས་ཞོར་ལས་བྱས་ཏེ་ཡོང་འབབ་འཕར་སྣོན་བྱས་ནས་མགྱོགས་མྱུར་ངང་དབུར་ཐར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད།】

གནས་འདིའི་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་གནམ་གཤིས་དང་ལྷ་ཡུལ་གྱི་ཞིང་ཁམས་ལྟ་བུའི་མེ་ཏོག་གི་རྒྱ་མཚོ་སོགས་ནི་ཕྱོགས་བཞིའི་མགྲོན་པོ་འགུགས་པའི་མཛེས་སྡུག་གི་འཁྲི་ཤིང་ཡིན་ཏེ།  གནས་འདིར་མི་རྣམས་དཔྱིད་དུས་སུ་སྤྲོ་གསེང་ལ་ཡོང་བ་དང་། དབྱར་དུས་ཚ་གཡོལ་སྤྲོ་གསེང་བྱེད་པ། སྟོན་དུས་རི་མོ་འབྲི་བ་དང་པར་རྒྱག་པ། དགུན་དུས་གངས་ཤུད་གློད་པ་སོགས་ཀྱི་འདུ་ལོང་རབ་ཏུ་རྒོད་ཅིང་། སྡེ་བའི་ཡུལ་མི་རྣམས་ཀྱིས་ཡུལ་སྐོར་བ་རྣམས་ལ་འཛད་སྤྱོད་ཀྱི་དགོས་མཁོ་ལྟར་ལས་རིགས་སྣ་ཚོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། མེ་ཏོག་གི་རྒྱ་མཚོའི་ཁྲོད་ན་འབྱོར་ཕྱུག་གི་རྦ་རླབས་དྲག་ཏུ་གཡོ་བཞིན། མི་ཚོགས་ཀྱི་འདུ་འཛིའི་ཀློང་ན་དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས་ཏེ། དུས་རབས་གསར་བའི་མཛེས་སྡུག་གི་འཚོ་བ་ལ་ལོངས་སུ་སྤྱོད་བཞིན་མཆིས།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ཤ་བོ་གསེར་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།