མི་རིགས་མཐུན་སྒྲིལ་གྱི་དགེ་མཚན་ལ་བརྟེན་ནས་ས་གནས་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད།​
2020.08.31 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 128

          བོད་རིགས་ནི་མཚོ་སྔོན་དུ་གཏན་སྡོད་བྱས་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་མི་གྲངས་མང་པོའི་གྲས་ཀྱི་གཅིག་ཡིན་ལ། དེས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་ཉེར་བཞི་ཟིན་ཡོད། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ་ནི་གྲོང་རྡལ་བཅུ་གཅིག་དང་ཡུལ་ཚོ་ལྔ་ཡིས་གྲུབ་ཅིང་། དེའི་ཁྲོད་ཧོང་ཀྲུང་ས་ཁུལ་ཁྱུང་ཀྱཱ་བོད་རིགས་ཡུལ་ཚོ་ནི་ཧོང་ཀྲུང་ས་ཁུལ་གྱི་བོད་རིགས་ཡུལ་ཚོ་གཅིག་པུ་ཡིན་ལ། ཡུལ་ཚོ་འདི་ནི་རྒྱ་རིགས་དང་བོད་རིགས། ཧོས་རིགས་བཅས་ཀྱིས་གྲུབ་པའི་གནས་མཆོག་ཉམས་དགའ་བ་ཞིག་ཡིན་སྟབས། སྐྱེ་ཁམས་ཁོར་ཡུག་གི་གནས་བབ་ལེགས་ཤིང་དཔལ་འབྱོར་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། གནས་འདིར་འཚོ་སྡོད་བྱས་ཡོད་པའི་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་མཐུན་པོས་ཀྲུང་གོའི་འདུན་མ་བསྐྲུན་ཞེས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ཕན་ཚུན་གྱི་བར་ལ་འདྲ་མཉམ་དང་དྲང་བདེན། བརྩི་བཀུར་བཅས་ཀྱི་རྣམ་པ་ལེགས་པོ་ཞིག་ཆགས་ཡོད།  དེའི་སྐོར་ནས་ཧོང་ཀྲུང་ས་ཁུལ་ཁྱུང་ཀྱཱ་ཡུལ་ཚོ་ཐོག་ཁང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འཇམ་དབྱངས་ཚེ་རིང་གིས་བཤད་རྒྱུར།

        སྒྲ།【ང་ཚོ་སྡེ་བ་འདིའི་མིང་ལ་ཐོག་ཁང་སྡེ་བ་ཟེར་ཞིང་། སྡེ་བ་ཧྲིལ་བོར་ཁྱིམ་ཚང་བརྒྱ་དང་ཞེ་གཉིས་ཡོད་ལ། མི་གྲངས་བཞི་བརྒྱ་དང་གྱ་དྲུག་ཡོད། དེའི་ཁྲོད་རྒྱ་རིགས་ཁྱིམ་ཚང་སོ་དྲུག་ཡོད། འོན་ཀྱང་ང་ཚོ་སྡེ་བ་ནི་མི་རིགས་ཀྱི་དབྱེ་བ་མེད་པར་མི་རིགས་ཕན་ཚུན་ཧ་ཅང་འགྲིག་མཐུན་ཡིན། ནང་སྒོས་སུ་ལོ་སར་གྱི་སྐབས་སུ་རྒྱ་བོད་གཉི་ཀས་ལུས་ལ་བོད་ལྭ་གྱོན་ཏེ་རྩེད་རིགས་འཁྲབ་ཀྱིན་ཡོད། དེ་བས་མི་རིགས་མཐུན་སྒྲིལ་གྱི་ཐད་ནས་ཤིན་ཏུ་བཟང་། 】

         རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། ཁྱུང་ཀྱཱ་བོད་རིགས་ཡུལ་ཚོས་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོ་ལོངས་སུ་སྤྱོད་བཞིན་ཡོད་པར་མ་ཟད། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་གྱི་རྨང་གཞིའི་སྟེང་། གནད་འཁེལ་དབུལ་སྐྱོར་དང་སྐྱེ་ཁམས་སྲུང་སྐྱོབ་མཉམ་བསྲེས། དེ་མིན་མི་རིགས་མཐུན་སྒྲིལ་དང་ཡུལ་སྲོལ་གོམས་གཤིས་རྒྱུད་འཛིན་གྱི་ལམ་ཆེན་དུ་བསྐྱོད་དེ། རིམ་བཞིན་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་རྒྱ་བསྐྱེད་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་ཆགས་ཡོད། ནང་སྒོས་སུ་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་མཛུབ་སྟོན་དུ་བཟུང་ནས། ཞིང་སྡེ་དར་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་མཉམ་བསྲེས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་དཔལ་འབྱོར་ཡོང་སྒོ་ཇེ་མང་དང་འཚོ་བའི་ཆུ་ཚད་ཇེ་བཟང་དུ་སོང་ཡོད། ཧོང་ཀྲུང་ས་ཁུལ་ཁྱུང་ཀྱཱ་བོད་རིགས་ཡུལ་ཚོ་མི་དམངས་སྲིད་གཞུང་གི་ཞང་གཙོ་སུའུ་ཡན་ཧྲིན་གྱིས་བཤད་རྒྱུར།

         སྒྲ། 【ཁྱུང་ཀྱཱ་ཡུལ་ཚོ་ནི་ཧོང་ཀྲུང་ས་ཁུལ་གྱི་བོད་རིགས་ཡུལ་ཚོ་གཅིག་པུ་ཡིན་ལ། ཡུལ་ཚོ་འདིར་རྒྱ་རིགས་དང་བོད་རིགས། ཧོས་རིགས་བཅས་མི་རིགས་གསུམ་གྱིས་གྲུབ་ཅིང་། དེའི་ཁྲོད་གྲངས་ཉུང་མི་རིགས་ཀྱིས་བརྒྱ་ཆའི་ང་དགུ་ཟིན་ཡོད་པར་མ་ཟད། ཡུལ་ཚོ་ཧྲིལ་བོ་སྡེ་བ་ལྔ་ཡིས་གྲུབ་ཡོད། ཉེ་བའི་ལོ་འགའི་རིང་ལ། ང་ཚོ་ཁྱུང་ཀྱཱ་ཡུལ་ཚོས་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བཟུང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ས་གནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་རང་ས་གནས་ཀྱི་དགེ་མཚན་སྔོག་འདོན་གང་ལེགས་བྱས་ཏེ། མི་དམངས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད་པར་མ་ཟད། ནང་སྒོས་སུ་ཁྱུང་ཀྱཱ་ཡུལ་ཚོའི་མི་རིགས་སོ་སོའི་བར་གྱི་འབྲེལ་བ་ནི་ཕུ་ནུའི་མདང་ལྟར་བརྩེ་ཞིང་། མི་རིགས་ཕན་ཚུན་བར་ལ་མཐོ་དམན་གྱི་ལྟ་ཚུལ་མི་འཛིན་པར། མཉམ་གཅིག་ཏུ་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། རྗེས་ཕྱོགས་ང་ཚོ་ཁྱུང་ཀྱཱ་ཡུལ་ཚོ་མི་དམངས་སྲིད་གཞུང་གི་སྣེ་ཁྲིད་འོག ཁྱུང་ཀྱཱ་ཡུལ་ཚོའི་ཞིང་སྡེའི་དར་སྤེལ་གྱི་རྣམ་པ་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ་ཡིན་པར་མ་ཟད། སྤྱི་ཚོགས་འཆམ་མཐུན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་འཛུགས་རྒྱུ་ཡིན།】

ཁྱུང་ཀྱཱ་ཡུལ་ཚོ་ཐོག་ཁང་སྡེ་བའི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་ལེགས་ཤིང་རི་ཆུ་ནགས་གསུམ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པས། གནས་འདིའི་དཔལ་འབྱོར་ཡོང་སྒོ་གཙོ་བོ་ནི་ཕྱུགས་ལས་ལ་བརྟེན་བཞིན་ཡོད་པ་རེད། སྡེ་མི་བཀྲ་ཤིས་ལ་མཚོན་ན་རང་གི་ཆུང་མར་ན་ཚ་བྱུང་བར་མ་ཟད། ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་ཞན་པའི་སྟབས་ཀྱིས་ཁོ་ཚང་གི་འཚོ་བའི་ཆ་རྐྱེན་ཉིན་རེ་ནས་ཉིན་རེར་ཇེ་སྡུག་ཏུ་སོང་ནས་འཚོ་བར་རེ་ཐག་ཆད་པའི་སྐབས་སུ། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡིས་རེ་ཞུ་བྱས་པ་བརྒྱུད། སྡེ་མི་བཀྲ་ཤིས་ཕ་བུ་གཉིས་ཀ་ཁོར་སྲུང་མི་སྣར་བདམས་པ་མ་ཟད། དམངས་ཕན་གྱི་སྲིད་ཇུས་གཞན་དག་ཀྱང་ལོངས་སུ་སྤྱོད་དུ་བཅུག་སྟེ། ད་ལྟ་ཁོ་ཚང་གི་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་ཡོད། ཧོང་ཀྲུང་ས་ཁུལ་ཁྱུང་ཀྱཱ་ཡུལ་ཚོ་ཐོག་ཁང་སྡེ་བའི་སྡེ་མི་བཀྲ་ཤིས་ཀྱིས་བཤད་རྒྱུར།

སྒྲ། 【ངའི་ཆུང་མ་ནད་པ་ཡིན་ལ། ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་ཞས་པས། རྒྱལ་ཁབ་ཀྱིས་ངེད་ཚང་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་སྟེ། མི་རེར་ལུག་བཅུ་རེ་བྱིན་པ་དང་། ངེད་ཚང་ལ་བཟའ་མི་བཞི་ཡོད་པས་བསྡོམས་པས་ལུག་བཞི་བཅུ་བྱིན་པ་ཡིན། ལུག་བཞི་བཅུ་བོ་དེའི་རྨང་གཞིའི་སྟེང་དངུལ་ཁང་དུ་སྒོར་མོ་བསྐྱིས་ནས་ལུག་འགའ་ཉོས་ནས་ད་ལྟ་ལུག་བརྒྱ་དང་ལྔ་བཅུ་ཡོད།】

མཚོ་སྔོན་ཞིང་ཆེན་ནི་གནའ་ནས་བཟུང་མི་རིགས་མང་པོ་འདུས་སྡོད་བྱེད་ས་དང་རིག་གནས་སྣ་མང་དར་ས་ཞིག་ཡིན་པས། ལོ་ངོ་མང་པོའི་རིང་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་བྱ་བ་དེ་ལས་དོན་ཀུན་གྱི་གཞི་མ་རུ་བཟུང་སྟེ། མི་རིགས་སོ་སོ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་བྱ་བ་རབ་དང་རིམ་པ་ཞིག་བསྒྲུབས། ནང་སྒོས་སུ་ཐོག་ཁང་སྡེ་བའི་སྡེ་མི་རྣམས་ཀྱིས་མཐུན་སྒྲིལ་རོགས་རེས་དང་མཛའ་མཐུན་མཉམ་གནས་ཀྱི་བསམ་བློ་སེམས་སུ་ཉར་ནས། ཁོ་ཚོ་ཕན་ཚུན་གྱི་བར་ལ་ཁྱིམ་ཚང་གཅིག་གི་ཁྱིམ་མི་ལྟ་བུའི་བརྩེ་བ་ཟབ་མོ་ཆགས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ཤ་བོ་གསེར་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།