ཉེ་སྔོན། ཀྲུང་གོ་ཞིང་ལས་ཞིང་སྡེ་པུའུ་ཞིང་སྡེ་ཐོན་ལས་འཕེལ་རྒྱས་ཟི་ཡིས2020ལོའི་ཀྲུང་གོའི་མཛེས་པའི་སྤྲོ་གསེང་ཞིང་སྡེའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། རང་ཞིང་གི་མཛེས་པའི་སྤྲོ་གསེང་ཞིང་སྡེ་བཞི་མིང་ཐོའི་ནང་ཚུད།
མིང་ཐོའི་ཁྲོད་ཚུད་པའི་ཞིང་སྡེ་སོ་སོ་ནི་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ་ཐུའུ་མིན་ཀོན་ཡུལ་ཚོ་རི་གོང་མ་སྡེ་བ་དང་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་ཧི་ཕེན་ཡུལ་ཚོ་ཀའོ་ལེན་སྡེ་བ་ཆུང་བ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝེ་ཡོན་གྲོང་རྡལ་ཀྲའོ་ཀྲ་ཐང་སྡེ་བ། མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་རང་སྐྱོང་རྫོང་ཧི་ཐའོ་ཀྲོང་ཡུལ་ཚོ་ཕའེ་ཙི་ཧྲན་སྡེ་བ་བཅས་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་མཛེས་པའི་སྤྲོ་གསེང་ཞིང་སྡེ་དེ་ངེས་པར་དུ་ཁྱད་ཆོས་དགེ་མཚན་མངོན་གསལ་ཡིན་པ་དང་།ཞབས་ཞུ་སྒྲིག་ཆས་ཆ་ཚང་བ། ཡུལ་སྲོལ་དམངས་སྲོལ་ཧ་ཅང་བཟང་ལ། ཚོང་རྟགས་ཀྱི་ཕན་འབྲས་འབུར་དུ་ཐོན་པ་བཅས་ཀྱི་ཁྱད་ཆོས་ཆེན་པོ་བཞི་ལྡན་དགོས་ལ། ཞིང་སྡེ་ཡིས་འདེབས་གསོ་གསོ་སྤེལ་ལས་རིགས་དང་ཞིང་སྡེའི་མཛེས་ལྗོངས། རི་སྔོ་ཆུ་དྭངས། ཞིང་སྡེ་འཛུགས་སྐྲུན། ཞིང་སྡེའི་རིག་གནས། དམངས་སྲོལ་རིག་གནས། མི་སྡོད་ཁོར་ཡུག་སོགས་ཀྱི་དགེ་མཚན་རྒྱབ་རྟེན་བྱས་ནས། རྩོལ་ནུས་གསར་བ་དང་རིན་ཐང་གསར་བ་སྔོག་འདོན་བྱེད་པ་དང་། ཐོན་ལས་གསར་བ་དང་ལས་རྣམ་གསར་བ་སྐྱེད་སྲིང་བྱས་པ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་མཛེས་པའི་ཞིང་སྡེ་ཐད་ནས་ འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་བྱས་པ་དང་། ཞིང་སྡེའི་རིག་གནས་འཕེལ་རྒྱས་སུ་གཏོང་བར་ཁ་གཏད་དེ། མཚོ་སྔོན་གྱི་རིག་གནས་གནས་སྐོར་སྡེ་ཁག་གིས་གཙོ་བོར་ཞིང་སྡེའི་གནས་སྐོར་གསང་སྤྱོད་དང་རླངས་འཁོར་འཇོག་ས་སོགས་ཆ་སྡེབས་སྒྲིག་ཆས་འཛུགས་སྐྲུན་རྒྱབ་སྐྱོར་བྱས། ཞིང་ཁྱིམ་ཞིང་སྡེ་གནས་སྐོར་གྱི་གསར་འབྱེད་ཚོང་གཉེར་ཁྲོད་ཞུགས་ཁར་རྒྱབ་སྐྱོར་བྱས་ནས། ཞིང་སྡེའི་གནས་སྐོར་དཔེ་སྟོན་ལས་ག་ཞི་སྐོར་ཞིག་འཛུགས་སྐྲུན་བྱས་པ་དང་། སྐྱེ་ཁམས་སྤྲོ་གསེང་དང་གནས་སྐོར་ལྗོངས་རྒྱུ། བདེ་ཐང་ལུས་གསོ། ཞིང་ལས་རོགས་ཐོན་ལས་ལས་གཞི་ཧ་ཅང་གོང་འཕེལ་དུ་སོང་ཡོད།
མཚོ་སྔོན་གྱི་ཞིང་སྡེ་གནས་སྐོར་ཡུལ་གནས་སྐོར་ཞིག་ས་ཁོངས་ཀྱི་ཁྱད་ཆོས་སུ་གྱུར་བ་དང་། ཞིང་སྡེའི་གནས་སྐོར་གྱིས་འདེབས་གསོ་གསོ་སྤེལ་འཕེལ་རྒྱས་སུ་གཏོང་བའི་ཐོན་ལས་དང་པོ་དང་ཐོན་ལས་གསུམ་པ་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་མ་དཔེ་གསར་བ་གྲུབ་པར་བྱས། ཉེ་འགྲམ་གྱི་སྡེ་དམངས་ཀྱིས་ཞིང་སྡེའི་གནས་སྐོར་འཕེལ་རྒྱས་སུ་སོང་བར་རྒྱབ་རྟེན་ནས། ཞིང་ཁྱིམ་སྤྲོ་གསེང་བྱེད་ས་དང་ཞིང་ཁྱིམ་མགྲོན་ཁང་། སྣ་འཛོམས་ཚོང་ཁང་སོགས་གནས་སྐོར་ཞབས་ཞུ་ལས་རིགས་འཕེལ་རྒྱས་སུ་བཏང་བ་དང་། སྤྲོ་གསེང་ཞིང་སྡེ་ཡིས་རང་ས་ཆ་དང་མཐའ་འཁོར་མང་ཚོགས་མང་པོའི་ལས་ཞུགས་གནས་དོན་ཐག་བཅད་པ་མ་ཟད། ད་དུང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱས་པ་དང་ཞིང་ཆེན་ཕྱི་ནང་གི་གནས་སྐོར་བ་མང་པོ་ནང་འགུག་བྱས།
ལོ་ཙཱ་བ། རིན་ཆེན་མཚོ།