ཉེ་བའི་ལོ་འགའི་རིང་ལ། པེ་ཅིན་དང་ཧྲང་ཧེ་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་རྨང་གཞི་སྒྲིག་ཆས་ལས་གཞི་འཛུགས་སྐྲུན་ཐད་རོགས་སྐྱོར་གནད་ལ་ཕིགས་པ་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་གཅིག་ས་ཡ་བཞི་བཏོན་ནས། རང་ཞིང་གི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ནུས་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་བཏང་།
2010ལོར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་འོག པེ་ཅིན་དང་ཧྲང་ཧེ། ཐེན་ཅིན། ཀྲེ་ཅང་། ཅང་སུའུ། ཧྲན་ཏུང་བཅས་ཞིང་ཆེན་དང་གྲོང་ཁྱེར་དྲུག་དང་ལིའོ་ཉིན་ཞིང་ཆེན་དང་ཧྲིན་ཡང་དམག་ཁུལ་དམག་དཔུང་སྨན་ཁང་བཅས་ཀྱིས་རང་ཞིང་དང་ཁ་གཏད་རོགས་སྐྱོར་རྐྱེན་སྲོལ་བཙུགས་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཤར་ནུབ་རྒྱུད་དབུལ་སྐྱོར་མཐུན་ཚོགས་དང་ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བའི་ཚུན་དུ། ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་དང་ཝུའུ་ཞི་གྲོང་ཁྱེར་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་བར་རིམ་པ་དང་རྣམ་པ་མང་བ། ཁྱོན་ཡོངས་ཀྱི་དབུལ་སྐྱོར་མཉམ་ལས་འབྲེལ་བ་བཙུགས་ནས། མཚོ་སྔོན་གྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གི་སྨན་བཅོས་ཁ་གཏད་རོགས་སྐྱོར་བྱ་བ་ཡོངས་སུ་ཁེབས་པར་བྱས།
མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་མཚོ་སྔོན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། རྨང་གཞི་སྒྲིག་ཆས་ལས་གཞི་འཛུགས་སྐྲུན་བྱེད་པའི་ཕྱོགས་ནས་རོགས་སྐྱོར་གནད་ལ་འཁེལ་བ་བྱས་ནས། བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་གཅིག་ས་ཡ་བཞི་བཏང་། དེའི་ཁྲོད། པེ་ཅིན་གྲོང་ཁྱེར་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལ་མ་དངུལ་སྒོར་བྱེ་བ་དགུ་དང་ས་ཡ་བཞི་འབུམ་གཉིས་ཁྲི་གཅིག་སྟོང་དགུ་ཡིས་རོགས་སྐྱོར་བྱས་ནས་ཁྲག་རྒྱུན་བརྟག་བཤེར་ཁང་དང་རིམས་ནད་འཕྲལ་བསྟུན་མཛོད་སོགས་ཁ་གཏད་རོགས་སྐྱོར་གྱི་ལས་གཞི་ཆེན་པོ་མང་པོ་ཞིག་ལག་བསྟར་བྱས་པ་དང་། ཧྲང་ཧེ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་བཞི་བཏང་སྟེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་དང་མགོ་ལོག་ཁུལ་མི་དམངས་སྨན་ཁང་སྨན་བཅོས་ལག་རྩལ་ཐོག་ཁང་འཛུགས་སྐྲུན་བྱས་པ་མ་ཟད། རྨ་ཆེན་དང་དགའ་བདེ། གཅིག་སྒྲིལ་རྫོང་བཅས་ཀྱི་མི་དམངས་སྨན་ཁང་སྒོ་བསྟེན་ཞག་སྡོད་ཐོག་ཁང་སོགས་ལས་གཞི་རེ་དྲུག་ལག་བསྟར་བྱས། ཀྲེ་ཅང་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་ལྔ་བཏང་ནས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་མྱུར་སྐྱོབ་ལྟེ་གནས་དང་གཏེར་ལེན་ཁ་གྲོང་ཁྱེར་གྱི་བུད་མེད་བྱིས་པའི་བདེ་སྲུང་སྨན་ཁང་སོགས་རྨང་གཞི་སྒྲིག་ཆས་ལས་གཞི་སོ་བཞི་འཛུགས་སྐྲུན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཐད་ཀྱི་ཞན་ས་ཁ་གསབ་བྱས།
ལོ་ཙཱ་བ། རིན་ཆེན་མཚོ།