ཉེ་བའི་ལོ་འགའི་རིང་ལ་པེ་ཅིང་དང་ཧྲང་ཧའེ་སོགས་ཞིང་ཆེན་དང་གྲོང་ཁྱེར་སྐོར་ཞིག་གིས་རང་ཞིང་ལ་རོགས་སྐྱོར་བྱས་ནས། སྨན་བཅོས་འཕྲོད་བསྟེན་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་འཛུགས་སྐྲུན་ཕྱོགས་ལ་གནད་འཁེལ་རོགས་སྐྱོར་མཛད་དེ། སྡོམས་རྩིས་མ་དངུལ་དུང་ཕྱུར་བཅུ་བཞི་དང་བྱེ་བ་གཅིག་ས་ཡ་བཞི་ལྷག་བཏང་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ནུས་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་།
2010ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་འོག པེ་ཅིང་དང་ཧྲང་ཧའེ། ཐེན་ཅིང་། ཀྲེ་ཅང་། ཅང་སུའུ། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག ད་དུང་ལའོ་ཉིང་ཞིང་ཆེན་དང་ཧྲིན་དབྱང་དམག་ཁུལ་གྱི་དམག་མིའི་སྨན་ཁང་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལམ་ལུགས་བཙུགས་པར་མ་ཟད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་བྱ་བ་འགོ་ཚུགས་པ་ནས་བཟུང་། ཅང་སུའུ་ཞིང་ཆེན་གྱི་ནན་ཅིང་གྲོང་ཁྱེར་དང་བུའུ་ཞི་གྲོང་ཁྱེར་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་ལ་རིམ་པ་མང་བ་དང་རྣམ་པ་མང་བ། ཕྱོགས་ཡོངས་ནས་དབུལ་སྐྱོར་རོགས་ལས་ཀྱི་འབྲེལ་བ་བཙུགས། ད་སྐབས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གི་སྨན་བཅོས་ཁ་གཏད་རོགས་སྐྱོར་བྱ་བ་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས།
རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་སོ་སོས་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་བ་དངོས་ལ་གཞིགས་ནས། རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་འཛུགས་སྐྲུན་ཕྱོགས་ལ་གནད་འཁེལ་རོགས་སྐྱོར་བྱས་པ་དང་། སྡོམས་པས་མ་དངུལ་སྒོར་དུང་ཕྱུར་བཅུ་བཞི་དང་བྱེ་བ་གཅིག་ས་ཡ་བཞི་ལྷག་བཏང་། དེའི་ནང་པེ་ཅིང་གྲོང་ཁྱེར་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལ་སྒོར་བྱེ་བ་དགུ་དང་ས་ཡ་བཞི་འབུམ་གཉིས་ཁྲི་གཅིག་ལྷག་གི་རོགས་སྐྱོར་མ་དངུལ་བཏང་ནས། ཁྲག་གཤེར་དབྱེ་འབྱེད་ཁང་དང་ནད་ཡམས་ཚོད་འཛིན་མཁོ་སྒྲུབ་ཁང་སོགས་ཁ་གཏད་རོགས་སྐྱོར་གྱི་རྣམ་གྲངས་མང་པོ་ལག་བསྟར་བྱས། ཧྲང་ཧའེ་གྲོང་ཁྱེར་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྨན་ཁང་དང་མགོ་ལོག་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་ལག་རྩལ་ཐོག་ཁང་། རྨ་ཆེན་རྫོང་དང་དགའ་བདེ་རྫོང་། གཅིག་སྒྲིལ་སོགས་རྫོང་རིམ་པའི་མི་དམངས་སྨན་ཁང་གི་སྒོ་བསྟེན་ཁང་དང་ཞགས་སྡོད་ཐོག་ཁང་སོགས་རྣམ་གྲངས་རེ་དྲུག་ལག་བསྟར་བྱས་ཏེ། སྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་བཞི་ལྷག་བཏང་། ཀྲེ་ཅང་ཞིང་ཆེན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་མྱུར་སྐྱོབ་ལྟེ་གནས་དང་གཏེར་ལེན་ཁ་གྲོང་ཁྱེར་གྱི་མ་བུ་བདེ་སྲུང་ཁང་སོགས་རིགས་སོ་བཞི་ལྷག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་རོགས་རམ་བྱས་ཏེ། དེའི་ཐད་ལ་སྡོམས་པས་མ་དངུལ་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་ལྔ་ལྷག་བཏང་ནས་རང་ཞིང་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཞན་ཆ་འཐུས་ཚང་དུ་བཏང་།
ལོ་ཅཱ་བ། དངོས་སྦྱོང་སློབ་མ་གཡང་མཚོ།