ཟླ་དགུ་པའི་ཚེས་དྲུག་ཉིན། ཅང་སུའུ་ཡི་བདག་མགྲོན་ཞིང་ཆེན་མུ་འབྲེལ་བྱ་འགུལ་གྱི་ཅང་སུའུ་དང་མཚོ་སྔོན་གྱི་ཉོ་ཚོང་འཁོར་རྒྱུག་མཁོ་འདོན་སྦྲེལ་མཐུད་གྲོས་ཚོགས་ཟི་ལིང་ནས་བསྡུས་ཏེ། ཅང་སུའུ་དང་མཚོ་སྔོན་གཉིས་ཀྱི་ཁེ་ལས་ཀྱིས་མཉམ་དུ་ཉོ་ཚོང་ལ་འཆར་འགོད་བྱེད་པ་དང་མཉམ་ལས་སྤེལ་བའི་ཐད་སྟེགས་བུ་འཛུགས་སྐྲུན་བྱས་པ་དང་། ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
སྦྲེལ་མཐུན་གྲོས་ཚོགས་སྟེང་། ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཉོ་ཚོང་འཁོར་རྒྱུག་དང་ཕྱི་ཚོང་ཁེ་ལས་གཙོ་བོས་ཁྱད་ཆོས་ཐོན་ལས་དང་དགེ་མཚན་ཐོན་རྫས་ཐད་ནས་ངོ་སྤྲོད་བྱས། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་མཚོ་སྔོན་ཧུའུ་ཀྲུའུ་ནས་ཆང་མ་རྐང་ཚད་ཡོད་ཀུང་ཟི། མཚོ་སྔོན་ཨ་ཆེན་གངས་རྒྱབ་ཟས་རིགས་ཚད་ཡོད་ཀུང་ཟི་བཅས་ཀྱི་འགན་ཁུར་མི་སྣས་སོ་སོར་ཅང་སུའུ་ཧོས་ཧོང་རྒྱལ་སྤྱིའི་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟི་དང་སུའུ་ཉིན་མ་རྐང་ཚོད་འཛིན་སྡེ་ཚོགས་ལན་ཀྲི་ཁུལ། ཅང་སུའུ་ཞིང་ཆེན་བྱེ་སྣུམ་ཟས་རིགས་ཕྱིར་གཏོང་ནང་འདྲེན་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟིའི་འགན་ཁུར་མི་སྣ་དང་ཞིང་ཆེན་གཉིས་ཀྱི་ལས་གཞི་ལག་བསྟར་བྱེད་པའི་ཐད་ནས་གྲོས་མཐུན་བཀོད། ཕྱོགས་གཉིས་ཀྱི་ཁེ་ལས་ཀྱི་འཐུས་ཚབ་མི་སྣས་སོ་སོར་གཏམ་བཤད་པ་མ་ཟད་གྲོས་མོལ་བྱས།
ཅང་སུའུ་ཞིང་ཆེན་ཚོང་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་ཀྲུའུ་དབྱི་མེན་གྱིས་བཤད་རྒྱུར། ཐེངས་འདིའི་སྦྲེལ་མཐུན་གྲོས་ཚོགས་ནི་ཅང་སུའུ་དང་མཚོ་སྔོན་གྱི་ཚོང་དོན་སྡེ་ཁག་གིས་མཉམ་དུ་འཁོར་རྒྱུག་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་དངོས་ཡིན་ལ། ཞིང་ཆེན་གཉིས་ཀྱི་ཁེ་ལས་ལ་སྟེགས་བུ་འཛུགས་པ་དང་ལམ་བུ་རྒྱ་སྐྱེད་པ། མཉམ་ལས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡང་ཡིན་པས། ཞིང་ཆེན་གཉིས་ཀྱི་དགེ་མཚན་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་སུ་གཏོང་བ། ཁ་གཏད་རོགས་སྐྱོར་ཆུ་ཚད་ཡང་བསྐྱར་མཐོར་འདེགས་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།
ལོ་ཙཱ་བ། རིན་ཆེན་མཚོ།