གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ། ཚེ་རིང་སྒྲོལ་མ)སྤྱི་ཟླ་དགུ་བའི་ཚེས་བརྒྱད་ཉིན། བོད་འབྲེལ་ཞིང་ཆེན་བཞིའི་རླུང་བརྙན་འཕྲིན་གྱི་བཅར་འདྲི་ཚོགས་པ་མཚོ་ལྷོ་ཁུལ་གྱི་ཚལ་རྔ་འགག་གྲོང་རྡལ་དུ་སོང་ནས་ཚལ་རྔ་འགག་ལྗོངས་ཁུལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཉེ་བའི་ལོ་འདི་དག་གི་རིང་ལ་ཚལ་རྔ་འགག་ལྗོངས་ཁུལ་གྱིས་རྨ་ཆུ་དང་གྲོག་རོང་། བྱེ་སྒང་སོགས་རང་བྱུང་གི་བཀོད་པ་ལ་བརྟེན་ནས། ཕྱོགས་ཡོངས་ཀྱི་ལྟད་མོ་བ་དག་འགུག་ཐབས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་ས་གནས་མང་ཚོགས་ཀྱི་ལས་ཞུགས་ཀྱི་ཐད་ལ་ཤུགས་སྣོན་བརྒྱབ་དང་རྒྱག་བཞིན་ཡོད་ལ། ལྷག་པར་གོང་རིམ་མགོ་ཁྲིད་ཀྱི་གཟིགས་སྐྱོང་དང་ཐུགས་ཁུར་གནང་ནས་གཞུང་ལམ་ཞིག་གསོ་དང་ལྗོངས་ཁུལ་ལྗང་བསྒྱུར། སྒྲིག་ཆས་འཛུགས་སྐྲུན་བཅས་ཇེ་ལེགས་སུ་བཏང་བ་དང་བསྟུན་ཏེ་ལྗོངས་ཁུལ་དུ་གསོལ་མགྲོན་ཁང་དང་ལུས་ཕུང་སྦྱོང་བརྡར་བྱེད་ས། གཞས་གཏོང་ས། ཁྱད་ལྡན་གྱི་ཟས་རིགས་དང་བཏུང་བྱའི་རིགས། རོལ་རྩེད་ཁང་། ཉ་ར། ཆང་ཁང་སོགས་ལྟད་མོ་བ་དང་ཡུལ་སྐོར་བ་རྣམས་ལ་ཉེ་བར་མཁོ་བ་དང་སེམས་གཡེང་ཆོག་པའི་གནས་མལ་ལེགས་པོ་ཞིག་བསྐྲུན་ཡོད་པ་མ་ཟད། ད་དུང་མུ་མཐུད་ནས་འཛུགས་སྐྲུན་གྱི་གཞི་རྒྱ་ཇེ་ཆེར་གཏོང་བ་དང་ཡུལ་སྐོར་སྒྲིག་གཞི་འཐུས་ཚང་དུ་གཏོང་བར་ཧུར་ཐག་གང་ལེགས་བྱེད་ཀྱི་ཡོད།
གཞན་ཚལ་རྔ་འགག་ལྗོངས་ཁུལ་ནས་སྔ་རྗེས་སུ་རླངས་འཁོར་རྒྱུག་རྩལ་འགྲན་སྡུར་སོགས་རྒྱལ་སྤྱི་དང་རྒྱལ་ཁབ་རིམ་པའི་འགྲན་སྡུར་སྣ་ཚོགས་སྤེལ་བ་དང་། ལྷག་པར2018-2019ལོའི་མཚོ་སྔོན་པོ་བསྐོར་བའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་རྒྱུག་འགྲན་བསྡུར་གྱི་ཤུགས་རྐྱེན་འོག ལུས་རྩལ་ལ་དགའ་མོས་ཡོད་མཁན་མང་པོ་གཅིག་རྗེས་གཉིས་མཐུད་དུ་གནས་འདིར་འོང་ནས་བྱ་འགུལ་སྣ་ཚོགས་སྤེལ་བས་མཚན་སྙན་ཡང་སྔར་ལས་རྒྱས་བར་གྱུར་ཡོད་ལ། མ་འོངས་པར་ཚལ་རྔ་འགག་ལྗོངས་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་རྒྱལ་ཁབ་ཀྱི5Aརིམ་པའི་སྐྱེ་ཁམས་ཡུལ་སྐོར་ཁམས་གསེང་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད།
ཚལ་རྔ་འགག་གྲོང་རྡལ་གྲོང་ལ་མཚོན་ནའང་ལྗོངས་ཁུལ་གྱི་ལེགས་ཆ་དེ་ལ་བརྟེན་ནས་གྲོང་རྡལ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་། གཞན་ཉ་གསོ་ར་བ་དང་སྔོ་ཚལ་འདེབས་འཛུགས། སྒོ་ཕྱུགས་གསོ་སྐྱོང་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་དམངས་ཚིས་ལེགས་བཅོས་དང་ཡུལ་སྐོར་ཐོན་ལས་ལ་ཤུགས་སྣོན་བྱས་པ་དང་བསྟུན། དམངས་ཡོངས་ཀྱི་ཡོང་སྒོ་འཕར་སྣོན་དང་ལས་ཞུགས་ཀྱི་ཐད་ནས་གྲུབ་འབྲས་བླངས་དང་ལེན་བཞིན་ཡོད།