༼མཚོ་ལྷོའི་འཕོ་འགྱུར་གསར་བར་བལྟ། དག་ཞིང་མཚོ་ལྷོར་ཡང་བསྐྱར་འགྲིམ༽ཞེས་པའི་ཆེད་དོན་བཅར་འདྲིའི་བྱ་འགུལ་ལས་ཁག་ལྔ་པ། ཐུན་ཏེ་རྫོང་འབའ་ལུང་ཞང་འབའ་མདོ་སྡེ་བའི་དབུལ་སྐྱོར་མཁྲེགས་གཏོར་གྱི་གནས་ཚུལ།
2020.09.12 ཁུངས། ཀློག་གྲངས། 257

             གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། གསར་འགོད་པ། (ཐུབ་བསྟན། ཐུབ་བསྟན་རྡོ་རྗེ། ཚེ་རིང་སྒྲོལ་མ།)    སྤྱི་ཟླ་དགུ་བའི་ཚེས་བཅུ་ཉིན་བཅར་འདྲིའི་ཚོགས་པ་བཅར་འདྲིའི་ས་ཚིགས་གསུམ་པ་སྟེ། ཐུན་ཏེ་རྫོང་འབའ་ལུང་ཞང་འབའ་མདོ་སྡེ་བའི་ཕྱོགས་སུ་བསྐྱོད། འབའ་མདོ་སྡེ་བ་ནི་ཐུན་ཏེ་རྫོང་གི་ནུབ་ཕྱོགས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་སུ་ཆགས་ཡོད་པ་དང་། སྡེ་བ་ཧྲིལ་བོར་ཁྱིམ་ཚང་བརྒྱ་དང་བཅུ་གསུམ་དང་མི་བཞི་བརྒྱ་རེ་གཅིག་ཡོད་ལ། ཞིང་ཕྱུགས་ལས་གཉིས་ཀ་མཉམ་དུ་གཉེར་བཞིན་པའི་སྡེ་བ་ཞིག་རེད།

འབའ་མདོ་སྡེ་བ་ནི་རྨ་ཆུའི་ཁུགས་སོ་གཉིས་པ་རུ་གནས་ཡོད་པ་དང་། ལོ་ལྔ་བརྒྱའི་ལོ་རྒྱུས་ལྡན་པའི་ཇ་རྟའི་ནགས་ཚལ་ཡོད་ལ། རྫོང་རི་རིག་གནས་ཀྱི་ཕ་ས་ཡང་ཡིན་པས། གནས་འདིར་ལྟ་སྐོར་དུ་ཡོང་མཁན་གྱི་མི་གྲངས་ལོ་རེ་བཞིན་་ཇེ་མང་དུ་འགྲོ་བཞིན་འདུག འབའ་ལུང་སྡེ་བ་འདི་ཉིད་ཤིང་སྡོང་སྣ་ཚོགས་ཀྱི་བར་གསེང་ན་ལྷིང་འཇགས་ཀྱིས་གནས་ཡོད་པ་དང་། རང་བྱུང་ཁོར་ཡུག་ལྟ་ན་སྡུག་པ་ཞིག་རེད། ང་ཚོ་གསར་འགོད་པ་སྡེ་བ་འདིའི་ཁྱིམ་ཚང་དུ་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་འགྲོ་སྐབས་མིག་ལམ་དུ་མངོན་པ་ནི་ཁྲལ་ཆིལ་ལེར་བཞད་པའི་མེ་ཏོག་སྣ་ཚོགས་དང་།  ཤིང་གཅལ་གྱི་ལམ། སྡོང་བོའི་བར་གསེང་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་རས་གུར་མགྲོན་ཁང་ཕུབ་ཡོད་པ་དེ་རེད། མིག་མདུན་གྱི་མཛེས་སྡུག་དེས་ང་ཚོ་གསར་འགོད་པ་རྣམས་རེ་ཞིག་ཧ་ལས་སུ་བཅུག མཚོ་ངོས་ལས་མཐོ་ཚད་ལ་སྨི་སྟོང་གསུམ་ཡན་ཡོད་པའི་ས་ཆ་རུ་མེ་ཏོག་སྣ་ཚོགས་ཀྱི་བཀྲགས་མདངས་ལ་རོལ་མྱོང་བྱེད་ཐུབ་པ་ནི་ཧ་ཅང་མཐོང་དཀོན་པ་ཞིག་རེད།

རྒྱུས་ལོན་བྱས་པ་བརྒྱུད། ཉིས་སྟོང་བཅོ་བརྒྱད་ལོར།  ཐུན་ཏེ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་འབའ་ལུང་ཞང་གི་སྡེ་བ་ཉི་ཤུ་རྩ་གཉིས་ཀྱི་ཁྲོད་ནས་འབའ་མདོ་སྡེ་བ་དེ་ཞིང་སྡེ་དར་སྤེལ་གྱི་ཁྲོད་བཞག་སྟེ་འཛུགས་སྐྲུན་བྱས་པ་དང་།  མ་དངུལ་སྒོར་མོ་བྱེ་བ་བཞི་དང་ས་ཡ་གཉིས་འབུམ་དྲུག་ཁྲི་གསུམ་བཏང་སྟེ། སྡེ་བ་ནས་གླིང་ག་གཏོང་ས་དང་། ཤིང་གཅལ་གྱི་ལམ། སྣུམ་ལམ། ཨར་འདམ་གྱི་ལམ། སྡོད་ཁང་། སྤྱོད་ཁང་སོགས་ལས་ཏེ། མི་རྣམས་ལ་ཁམས་གཡེང་བྱེད་ས་ཡག་པོ་ཞིག་བསྐྲུན་པ་ཡིན་ཞིང་། འབའ་མདོ་སྡེ་བའི་མི་རྣམས་ཀྱིས་ཏང་གི་སྲིད་ཇུས་རབས་དང་རིམ་པ་དང་ས་གནས་རང་གི་ཁྱད་སྟོབས་ལ་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་དང་ཟ་མ་གཡོས་སྦྱོར་སོགས་བྱས་ཏེ་འགྲུལ་བ་སྣེ་ལེན་བྱས་པས། ཡོང་སྒོ་ལོ་རེ་ནས་ལོ་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་དང་། བསམ་ཕྱོགས་ལའང་འགྱུར་ལྡོག་འབྱུང་བཞིན་ཡོད་པ་རེད། འབའ་མདོ་སྡེ་བའི་ཧྲུའུ་ཅི་སངས་རྒྱས་འབུམ་གྱིས་ང་ཚོས་མ་འོངས་པར་སྡེ་བ་འདི་ནས་ཡུལ་སྐོར་བ་སྣེ་ལེན་བྱེད་སའི་མགྲོན་ཁང་དང་ཟ་ཁང་སོགས་གཉེར་ཏེ། ཡུལ་སྐོར་བ་སྔར་ལས་མང་པོ་སྣེ་ལེན་བྱེད་རྒྱུའི་འཆར་གཞི་ཡོད་ཟེར།