ཀོས་ནན་རྫོང་གི་ཏང་འཛུགས་དང་ཞིང་སྡེ་བཅོས་སྐྱོང་གི་བྱ་བའི་གནས་ཚུལ། ༼མཚོ་ལྷོའི་འཕོ་འགྱུར་གསར་བར་བལྟ། དག་ཞིང་མཚོ་ལྷོར་ཡང་བསྐྱར་འགྲིམས༽ཞེས་པའི་ཆེད་དོན་བཅར་འདྲིའི་བྱ་འགུལ་ཁག་བདུན་པ།
2020.09.17 ཁུངས། ཀློག་གྲངས། 122

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ། ཚེ་རིང་སྒྲོལ་མ།)སྤྱི་ཟླ་དགུ་བའི་ཚེས་བཅུ་གཅིག་གི་ཉིན། ང་ཚོ་བཅར་འདྲིའི་ཚོགས་པ་ཐུན་ཏེ་རྫོང་ནས་ལམ་ལ་ཆས་ཏེ། ཀོས་ནན་རྫོང་དུ་འབྱོར་ཞིང་། ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་ཁ་རྒྱ་སྡེ་བ་དང་བྱ་མདོ་ཞང་ཤ་རྒྱ་སྡེ་བ། གོར་རའི་མདོ་སྡེ་བ་བཅས་ནས་ཏང་འཛུགས་དང་ཞིང་སྡེ་བཅོས་སྐྱོང་གི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། རྒྱུས་ལོན་པ་ལྟར་ན། ཀོས་ནན་རྫོང་གིས་ལོ་དག་གི་རིང་ལ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་ལྟར། རྫོང་ཡོངས་ཀྱི་གྲོང་རྡལ་དང་ཡུལ་ཚོ་སོ་སོའི་ཏང་འཛུགས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ཏེ་སྡེ་དམངས་ཡོངས་ཞིང་སྡེ་བཅོས་སྐྱོང་གི་གནས་བབ་གསར་བའི་ཁྲོད་ཞུགས་པར་སྐུལ་འདེད་བཏང་བ་དང་། ནུས་ལྡན་གྱི་སྒོ་ནས་ཏང་ཡོན་གྱི་དཔེ་སྟོན་ནུས་པ་ཞན་པ་དང་སྡེ་དམངས་ཀྱི་བྱ་བའི་བྱེད་ཕྱོགས་ཞན་པ། བཅོས་སྐྱོང་གི་ནུས་པ་ཞན་པ་སོགས་གནད་དོན་མང་པོ་ཞིག་ཐག་གཅོད་ལེགས་པོ་བྱས།

སུམ་མདོ་གྲོང་རྡལ་ཁ་རྒྱ་སྡེ་བར་མཚོན་ན། གཅིག་ནས་རྩ་འཛུགས་མགོ་ཁྲིད་ནུས་ལྡན་ཅན་དུ་བཏང་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཉིས་ཙུའུ་ཀྲང་གཙོ་གཞོན་ཡིན་པའི་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོན་གྱིས་སྣེ་ཁྲིད་དང་སྡེ་དམངས་ཕན་ཚུན་བར་རོགས་རེས། ཐོན་ཁུངས་ཀྱི་སྒྲིག་གཞི་ལེགས་བསྒྱུར། སྤྱི་ཡོངས་ནས་སྐུལ་འདེད་བྱེད་པ་བཅས་ཀྱི་གནས་བབ་གསར་བསྐྲུན་བྱས་པ་དང་། གཉིས་ནས་ཕུལ་བྱུང་ཁྱིམ་ཚང་འདེམས་སྐབས་སྡེ་དམངས་ཕན་ཚུན་བར་དཔྱད་འཇོག་དང་དཔྱད་འཇོག་གཏན་འཁེལ། བསྒྲགས་བྱང་སྟེང་སྤྱི་བསྒྲགས་བྱེད་པ་བཅས་བརྒྱུད་དེ། ཏང་དང་རྒྱལ་ཁབ་ལ་དགའ་བ་དང་བརྩོན་བསྲི་ཕྱུག་འགྱུར། མཐུན་སྒྲིལ་དཔེ་སྟོན་སོགས་སྐར་ལྔའི་རིམ་པ་ཅན་གྱི་དཔལ་ཡོན་ཁྱིམ་ཚང་བདམས་ཐོན་བྱས་ནས་གཟེངས་བསྟོད་བྱེད་པའི་བྱ་བ་བསྒྲུབས་ཏེ་མང་ཚོགས་ལ་སྣེ་ཁྲིད་ལེགས་པོ་བྱས། 

དེ་མིན་ཤ་རྒྱ་སྡེ་བ་དང་གོར་རའི་མདོ་སྡེ་གཉིས་ཀྱིས་ཀྱང་ས་གནས་མང་ཚོགས་ཀྱི་ཁྱིམ་ཚང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་རྒྱལ་ཁབ་ཀྱི་ལས་གཞི་རབས་དང་རིམ་པའི་སྲིད་ཇུས་དང་འབྲེལ་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་སྣེ་ཁྲིོད་བྱེད་པར་ནུས་ཤུགས་བཏོན་ཞིང་། ཏང་ཡོན་ལས་བྱེད་མི་སྣས་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ། ས་གནས་ཀྱི་རང་བྱུང་གི་བཀོད་པ་དང་ཐུན་མིན་གྱི་ཡུལ་སྲོལ་སོགས་ལ་བརྟེན་ནས་མི་རྣམས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བ་དང་བསམ་བློའི་གོ་རྟོགས་ཀྱི་ཐད་ནས་ཀྱང་ཏང་དང་རྒྱལ་ཁབ་ལ་དགའ་བ་དང་ཕ་ཡུལ་ལ་དགའ་བ། མི་དམངས་ལ་དགའ་བའི་མི་ཞིག་བྱ་རྒྱུའི་ཐད་ལ་ཤུགས་བསྣན་དང་སྣོན་བཞིན་མཆིས།

གཞན་ཡང་བྱེ་འགྱུར་བཅོས་སྐྱོང་ལ་ཤུགས་བསྣན་ཏེ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་དེ། 1996ལོ་ནས་བཟུང་སྐབས་རེ་རེའི་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་མགོ་ཁྲིད་དག་གིས་སྡོང་འཛུགས་ནགས་སྐྲུན་སོགས་བྱེ་འགོག་གི་བྱེད་ཐབས་སྣ་མང་སྤྱད་དེ། ནུས་ལྡན་གྱི་སྒོ་ནས་བྱེ་འགྱུར་གྱི་གནད་དོན་ཐག་གཅོད་བྱས་ཏེ། ད་ལྟར་མཚོན་ན་ལྫང་མདོག་གི་ནགས་ར་ཆེན་པོ་ཞིག་ཏུ་གྲུབ་ཡོད་ལ། མང་ཚོགས་རྣམས་ཀྱིས་དུས་རྒྱུན་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་གི་ཕྱོགས་ལ་འབད་པ་བྱས་ཏེ། རང་ཉིད་འཚོ་གནས་བྱེད་སའི་ཁོར་ཡུག་འདི་ཉིད་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་གྲུ་ཞིག་ཏུ་བསྒྱུར་འདུག