གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ། ཚེ་རིང་སྒྲོལ་མ།)སྤྱི་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། ང་ཚོ་བཅར་འདྲིའི་ཚོགས་པས་ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་ནས་བཅར་འདྲི་བྱས་ཚར་རྗེས། བྱ་མདོ་ཞང་རིན་ཆེན་བོད་ཀྱི་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟིར་ཕྱིན་ནས་གཙགས་དྲུབ་སྒྱུ་རྩལ་གྱི་ཐད་ནས་བཅར་འདྲི་བྱས། ཀོས་ནན་གྱི་གཙགས་དྲུབ་ལ་མཚོན་ན་ཀོས་ནན་ས་ཁུལ་དུ་དར་ཁྱབ་ཧ་ཅང་ཆེ་བའི་སྲོལ་རྒྱུན་རིག་གནས་ཤིག་ཡིན་ལ། ད་ལྟ་གཙགས་དྲུབ་སྒྱུ་རྩལ་པ300ལྷག་ལ་ཐོན་ཡོད། དུས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཀོས་ནན་གཙགས་དྲུབ་ཀྱིས་ལུགས་གཞན་གྱི་ལེགས་ཆ་བསྡུ་ལེན་བྱས་པས། རང་ཉིད་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་དེང་རབས་ཀྱི་གཙགས་ལུགས་ཀྱང་ལྡན་པའི་གསར་གཏོད་རང་བཞིན་གྱི་ལག་ཤེས་བཟོ་རྩལ་ཞིག་ཏུ་གྱུར་བ་དང་། ནང་དོན་དང་བརྗོད་གཞི། མངོན་ཚུལ། མཛེས་བཟོ་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་། ལྷག་པར་ཉེ་བའི་ལོ་འདི་དག་གི་རིང་ལ། ཀོས་ནན་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཚད་མཐོན་པོས་མཐོང་ཆེན་བྱས་པ་དང་བསྟུན། གསར་སྤེལ་གྱི་སྒྲིག་གཞི་དང་རྩལ་ནུས་སྦྱོང་བརྡར་གྱི་སོགས་ཀྱི་ཐད་ལ་ནུས་ཤུགས་ཆེན་པོ་བཏོན་ཞིང་། ཚོང་རར་བསྐྱོད་པར་སྣེ་ཁྲིད་དང་སྐུལ་འདེད་བྱས་པས། ཀོས་ནན་གྱི་གཙགས་དྲུབ་འདི་ཉིད་གཞི་རྒྱ་ཆེན་པོའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་བགྲོད་ལམ་བཏོད་ཅིང་། ནང་དོན་གྱི་ཆ་ནས་ཀྱང་བོད་ཀྱི་སྲོལ་རྒྱུན་གྱི་གཙགས་ལུགས་དང་ཉམས་སྣང་ལས་གཞན། སྐུ་འདྲ་དང་མི་སྣ། སྲོག་ཆགས། རི་ཆུའི་བཀོད་པ་སོགས་གཙགས་བཟོ་བྱ་རྒྱུའི་ཐད་ལ་ཧུར་བརྩོན་བྱས་དང་བྱེད་བཞིན་ཡོད།
གཞན་ཡང་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བ་ཤུགས་ཆེན་པོས་སྤེལ་བ་ནས་བཟུང་། ཀོས་ནན་གྱི་གཙགས་དྲུབ་དང་དབུལ་སྐྱོར་བྱ་བ་གཉིས་མཉམ་འདྲེས་དམ་ཟབ་བྱ་རྒྱུ་ནི་རྫོང་ཡོངས་ཀྱི་རོང་འབྲོག་མང་ཚོགས་རྣམས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ལམ་ཕྱོགས་གལ་ཆེན་ཞིག་ཏུ་གྱུར། སྲིད་གཞུང་གི་སྣེ་ཁྲིད་དང་རྒྱབ་སྐྱོར། མང་ཚོགས་ཀྱི་བརྩོན་སེམས་བཅས་ལ་བརྟེན་ནས། བོད་ལུགས་གཙགས་དྲུབ་མཐུན་ཚོགས་དང་བོད་ལུགས་གཙགས་དྲུབ་ཞིབ་འཇུག་གསར་སྤེལ་ལྟེ་གནས་བཙུགས་ཏེ། བོད་ལུགས་གཙགས་དྲུབ་ཀྱི་ཐོན་ལས་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་ངེས་ཅན་བཏིངས། མིག་སྔར་རྫོང་ཡོངས་ན་བོད་ལུགས་གཙགས་དྲུབ་ཀྱི་ལས་ཀར་ཞུགས་པའི་མི1800ལྷག་ཡོད་པ་དང་ལོ་རེར་རོང་འབྲོག་མང་ཚོགས་མི300ལྷག་གི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་པར་མ་ཟད། དབུལ་ཕོངས་ཁྱིམ་ཚང30ལྷག་ལ་སྣེ་ཁྲིད་དེ་ཁྱིམ་ཚང་རེའི་ཡོང་སྒོ་སྒོར10000གི་ཡན་ལ་སླེབས་ཡོད།