གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ། ཚེ་རིང་སྒྲོལ་མ།)སྤྱི་ཟླ་དགུ་བའི་ཚེས་བཅུ་གཉིས་ཀྱི་སྔ་དྲོར། ང་ཚོ་བཅར་འདྲི་ཚན་ཆུང་ཞོགས་པའི་ཉི་ཟེར་དང་བསྡོངས་ནས་རྨ་ཡུལ་ཁྲི་ཀར་འབྱོར་ཏེ། མཚོ་སྔོན་བོད་ཀྱི་སྦྲང་རྩི་བཟོ་གྲྭ་དང་མཚོ་སྔོན་དྲི་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་ཟི་གཉིས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཐད་ནས་རྒྱུས་ལོན་བྱས། མཚོ་སྔོན་བོད་ཀྱི་སྦྲང་རྩི་བཟོ་གྲྭ་ནི་སྤྱི་ལོ1978ལོར་བཙུགས་པ་དང་སྤྱི་ལོ1988ལོར་རྒྱལ་ཁབ་ཞིང་ལས་པུའུ་ཡི་སྣེ་ཁྲིད་འོག་མཚོ་སྔོན་ཞིང་ཕྱུགས་ཐིན་དང་མཚོ་སྔོན་ཞིང་ཆེན་ཞིང་ལས་ཁྱབ་སྤེལ་སྤྱི་ཁྱབ་ས་ཚིགས་གཉིས་ཀྱིས་རྒྱབ་སྐྱོར་བྱས་པས། མཚོ་བོད་མཐོ་སྒང་གི་ཞིང་ཆེན་རིམ་པའི་སྦྲང་གསོ་བཟོ་གྲྭ་རུ་གྱུར། མིག་སྔར་སྦྲང་རྩི་བཟོ་གྲྭ་འདིའི་ཐོན་རྫས་ལ་མཚོན་ན་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་སོ་སོར་ཆེད་ཚོང་ཁང་ཡོད་པར་མ་ཟད། རྒྱལ་ནང་གི་གནམ་གྲུ་འབབ་ཐང་མང་ཆེ་བ་ནའང་ཆེད་ཚོང་གི་སྟེགས་བུ་བསྐྲུན་ཡོད། ད་དུང་ཧྲིན་ཀྲིན་མཁའ་འགྲུལ་དང་ལྷོ་ཕྱོགས་མཁའ་འགྲུལ། ཤར་ཕྱོགས་མཁའ་འགྲུལ། ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀུང་ཟི་བཅས་ལ་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཏེ། སྦྲང་རྩིའི་ཐོན་རྫས་མཁོ་འདོན་བྱེད་ཚད་ཇེ་མང་དུ་གྱུར་ཡོད་པས། འཕེལ་རྒྱས་ཀྱི་མདུན་ལྗོངས་ཧ་ཅང་རྒྱ་ཆེ་བའི་རྣམ་པ་མངོན་ཡོད།
ཉེ་བའི་ལོ་འགའི་ཚུན་ལ། སྦྲང་རྩི་གསར་འབྱེད་པ་ཝང་ཡུས་གོ་ཡིས་ལོ་ངོ་ལྔ་བཅུ་ལྷག་རིང་གི་སྦྲང་གསོ་སྙིང་སྟོབས་ལ་བརྟེན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དུས་མཚུངས་སུ་སྦྲང་མའི་རིགས་དང་ཁྱད་གཤིས། སྦྲང་རྩིའི་ཐོན་རྫས་བཅས་ལ་ཞིབ་འཇུག་བྱས་ཏེ། དཀའ་སྤྱད་འབད་འབུངས་ཀྱིས་བགྲོད་ལམ་གསར་འབྱེད་བྱས་པས། ཚོང་རྟགས་རྒྱལ་ཁབ་ཕྱི་ནང་ཀུན་ལ་ཁྱབ་གདལ་དུ་བཏང་བ་དང་། བཟོ་གྲྭའི་ཉེ་འཁོར་གྱི་དབུལ་ཕོངས་ཁྱིམ་ཚང་དང་དཀའ་ངལ་ཅན་གྱི་སྡེ་བར་ལས་ཞུགས་ཀྱི་ཐད་ནས་རོགས་རམ་བྱས་པས། དཔལ་འབྱོར་ཡོང་སྒོར་འཕར་སྣོན་བྱུང་ཞིང་། སྔ་གཞུག་ཏུ་ཁྱིམ་ཚང་བཅོ་བརྒྱད་ལ་དཔལ་འབྱོར་གྱི་ཐད་ཕན་འབྲས་མང་པོ་བསྐྲུན་ཏེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྣེ་ཁྲིད་གང་ལེགས་བྱས། གཞན་ཡང་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་གྱི་གཞི་རྒྱ་ཆེར་བསྐྱེད་དེ་འཛད་སྤྱོད་པར་བདེ་ཐང་གི་སྦྲང་རྩིའི་ཟས་རིགས་མཁོ་འདོན་བྱེད་བཞིན་ཡོད་ལ། བཟོ་གྲྭ་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་རྒྱུས་སྲུང་སྐྱོབ་ཐོན་རྫས་སོགས་ཀྱི་ཁས་ལེན་དཔང་ཡིག་དང་རྒྱལ་ཁབ་རིམ་པའི་གཟེངས་རྟགས་གང་མང་ཐོབ་ཡོད།
མཚོ་སྔོན་དྲི་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་ཟི་ནི་སྤྱི་ལོ2016ལོར་བཙུགས་ཤིང་། བོད་ཀྱི་རིག་གནས་བརྒྱུད་སྒྲོག་བྱེད་པ་དང་གཞང་འབྲུམ་གདན། གདུག་སྤོས། བོད་སྨན་གསར་སྤེལ་བྱེད་པ་སོགས་བོས་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་ཁམས་གསོ་དང་གནས་སྐོར་ཐོན་རྫས་གསར་སྤེལ་དང་ཐོན་སྐྱེད། ལས་སྣོན་བཅས་བྱེད་པའི་ཁེ་ལས་ཤིག་རེད། མིག་སྔར། ཀུང་ཟིས་འཕྲང་དམར་གྲོང་རྡལ་གྱི་དབུལ་ཕོངས་ཁྱིམ་ཚང་བདུན་གྱི་མི་སུམ་ཅུ་ལ་ཡོང་སྒོ་བགོ་བཤའ་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་ལྔ་ལ་ལས་ཞུགས་ཀྱི་ཐད་ནས་སྣེ་ཁྲིད་བྱས་ཡོད། ད་ལྟ་མི་ཉེར་བཞི་ལ་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད་པ་དང་། སློབ་ཆེན་སློབ་མའི་དཔུང་ཁག་བརྟན་པའི་གསར་སྤེལ་རང་བཞིན་གྱི་ཁེ་ལས་ཤིག་ཏུ་གྱུར་ཡོད།
རྒྱུས་ལོན་པ་ལྟར་ན། བོད་སྨན་རྒྱུ་ཆའི་ཁམས་གསོ་སྔས་མགོ་ནི་ཀུང་ཟིས་གསར་སྤེལ་བྱས་པའི་ཐོན་རྫས་གཙོ་བོ་ཡིན་ལ། ཀུང་ཟིས་ནང་ལོགས་ཀྱི་སྔོན་ཐོན་ལག་རྩལ་ནང་འདྲེན་དང་བརྗེ་རེས་བྱས་པ་བརྒྱུད། རྒྱ་བོད་མི་རིགས་བར་གྱི་རིག་གནས་མཉམ་སྦྱོར་ལ་སྐུལ་འདེད་བྱས་ཤིང་།གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་དང་ལག་བཟོའི་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་གྱི་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་ནས། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་འཚོ་བའི་ཆུ་ཚད་མཐོར་འདེགས་བྱས་ལ། འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་ནུས་ཤུགས་གང་ཡོད་སྒོས་བྱས་རྗེས་འཇོག་བཞིན་ཡོད།