ཁྲི་ཀ་རྫོང་ཨར་ལེན་སྡེ་བའི་འགྱུར་ལྡོག་དང་འཕེལ་རྒྱས། ༼མཚོ་ལྷོའི་འཕོ་འགྱུར་གསར་བར་བལྟ། དག་ཞིང་མཚོ་ལྷོར་ཡང་བསྐྱར་འགྲིམས༽ཞེས་པའི་ཆེད་དོན་བཅར་འདྲིའི་བྱ་འགུལ་ལས་ཁག་བཅུ་བ།
2020.09.17 ཁུངས། ཀློག་གྲངས། 100

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ། ཚེ་རིང་སྒྲོལ་མ།) སྤྱི་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། ཁྲི་ཀ་རྫོང་གི་ཤར་ལྷོའི་མཚམས་སུ་ཆགས་ཡོད་པའི་ཞིང་སྡེ་དར་སྤེལ་འཐབ་ཇུས་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པའི་ཨར་ལེན་སྡེ་བ་རུ་སྡེ་བའི་འཕོ་འགྱུར་ཐད་ནས་རྒྱུས་ལོན་བྱས། ཨར་ལེན་སྡེ་བ་ནི་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོའི་ཁོངས་སུ་གཏོགས་ཤིང་། སྤྱི་ལོ1986ལོར་ཀ་རིང་ཡུལ་ཚོ་སྟོང་དཔོན་སྡེ་བ་ནས་གནས་སྤར་ཏེ། ད་ལྟའི་ཨེར་ལེན་སྡེ་བ་ཡོད་ས་འདིར་ཡོང་བ་རེད། ཁྲི་ཀ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་མགོ་ཁྲིད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། སྡེ་བ་འདིའི་མིང་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག59264དམག་སྒར་ལེན་གཉིས་པས་གནས་འདི་རུ་སྒར་ས་བྱས་པས་མིང་དེ་ལྟར་བཏགས་པ་ཡིན་ཟེར་ལ། ད་ལྟ་ཡོད་སའི་ས་བབ་ཁོད་ཡངས་ཤིང་ས་གཤིས་བརླན་ཞིང་བཤེར་བས།  གནས་ཀྱི་བཀོད་པའི་མཐུན་རྐྱེན་ཧ་ཅང་ལེགས་པ་དང་། རྨ་ཀླུང་སྔོན་མོའི་འགྲམ་རྒྱུད་དུ་ཆགས་ཡོད་སྟབས། གནས་སྐོར་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པས་ཐོན་རྫས་དར་སྤེལ་མདུན་ལྗོངས་ཧ་ཅང་ལེགས།

བཅར་འདྲིའི་ཁྲོད་རྒྱུས་ལོན་བྱུང་པ་ལྟར་ན། ཨར་ལེན་སྡེ་བ་རྨ་འགྲམ་ཡུལ་འདིར་གནས་སྤར་ཏེ་ད་ལྟའི་བར་དུ་ལོ་ངོ་སོ་བཞི་ལྷག་འགོར་ཡོད་ལ། ཨར་ལེན་སྡེ་བ་ད་ལྟ་ཡོད་སའི་ས་འདིར་གནས་མ་སྤར་སྔོན་ལ་དཔལ་འབྱོར་ཡོང་ཁུངས་ཉག་ཕྲ་བ་དང་།འགྲིམ་འགྲུལ་དང་ཆུ་གློག་ལམ་གསུམ་སོགས་སྟབས་མི་བདེ་བས། སྡེ་བ་ཧྲིལ་པོར་དབུལ་ཕོངས་ཀྱི་རྣམ་པ་མངོན་ཡོད། གནས་སྤོར་མ་བྱས་པའི་སྔོན་ལ་གནས་དེ་ནི་ས་རྒོད་ཁོ་ན་ཡིན་ཕྱིར། ཁྲི་ཀ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་སྣེ་ཁྲིད་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིག་བུན་ཡུས་ཀྱིས་འབད་བརྩོན་བྱས་པ་ལ་བརྟེན་ནས་ས་རྒོད་སློག་སྟེ་སྔོ་ཚོད་དང་སིལ་ཏོག་གི་རིགས་འདེབས་འཛུགས་བྱས་ཏེ། གནས་སྐོར་ལྗོངས་ཁུལ་གསར་སྤེལ་བྱས་པ་ལ་བརྟེན་ནས། ད་ལྟ་གནས་སྐོར་ལྗོངས་རྒྱུ་དང་ཐོན་ལས་གསར་སྤེལ་བྱེད་སའི་རྟེན་གཞི་ཞིག་ཆགས་ཡོད་པར་མ་ཟད། སྡེ་བའི་ཁྱིམ་ཚང་ཡོད་ཚད་དབུལ་ཐར་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད། 

སྡེ་བ་འདིར་བོད་རིགས་དང་རྒྱ་རིགས། ཧོས་རིགས་གསུམ་འདུས་སྡོད་བྱས་ཡོད་ལ། ཁྱིམ་ཚང་བརྒྱ་དང་དྲུག་ཡོད་པར་མི་གྲངས300ལྷག་ཡོད། ད་ལྟར་མཚོན་ན་མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་སྦྲེལ་བའི་སྡེ་བ་ཞིག་ཏུ་གྱུར་ཡོད་ཕྱིར། སྔ་གཞུག་ཏུ་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཀྲུང་གོའི་ཞིང་སྡེའི་གནས་སྐོར་དཔེ་སྟོན་སྡེ་བ་སོགས་ཀྱི་མཚན་སྙན་ཐོབ་པ་དང་། སྤྱི་ལོ།2018ལོར། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་དར་སྤེལ་འཐབ་ཇུས་ཀྱི་དཔེ་སྟོན་སྡེ་བ་རུ་གཏན་འབེབས་བྱས། དུས་མཚུངས་སུ་ཁྲི་ཀ་རྫོང་གི་སྐབས་ཐོག་མའི་ཞིང་སྡེའི་ཐུན་མོང་མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཙུགས་ཏེ།ཞིང་སྡེའི་གནས་སྐོར་འཕེལ་རྒྱས་སུ་བཏང་བ་དང་། སྡེ་མི་ཕྱི་ལ་ཞོར་ལས་སུ་འགྲོ་བར་རྩ་འཛུགས་བྱས་ཏེ། ཞིང་སྡེའི་དཔལ་འབྱོར་འཕར་སྣོན་འགྲོ་བར་སྐུལ་འདེད་བྱས་པས། མང་ཚོགས་ཀྱི་ཡོང་སྒོ་ལོ་རེ་ནས་ལོ་རེར་འཕར་སྣོན་བྱུང་ཞིང་། སྤྱི་ལོ2019ལོར། སྡེ་བ་ཧྲིལ་པོའི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར་ཆིག་ཁྲི་ཆིག་སྟོང་བདུན་བརྒྱ་བཅུ་ལ་བསླེབས།