མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་འགན་འཁྲི་ལག་བསྟར་ནན་མོ་བྱས།
2020.09.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལོ་གསུམ་འགུལ་སྐྱོད་ཇུས་གཞིའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་རྗེས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་མདོ་ལ་རི་བོའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གཙོ་གནད་དུ་བཟུང་བ་དང་།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར།   གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་བཀོད་སྒྲིག་ནན་མོ་བྱས་ལ།   དག་ཐེར་ཞིབ་བཤེར་ལ་ཤུགས་བསྣན་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཆེན་མོ་ཁག་ཁུར་བྱས་པ་དང་།    དངོས་ཡོད་ཀྱི་འགུལ་སྐྱོད་ལ་བརྟེན་ནས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་དག་ཐེར་བཅོས་སྐྱོང་བྱ་བར་སྐུལ་འདེད་བཏང་།

མཚོ་བྱང་ཁུལ་གྱིས་དུས་ཐོག་ཏུ་ཆེད་དོན་གྲོས་ཚོགས་བསྡུས་ཏེ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཚོགས་གཙོའི་འགན་ཁུར་བའི་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་རྟོབ་ཞིབ་ནན་མོ་དང་དག་ཐེར་བཅོས་སྐྱོང་ཞིབ་ཚགས་བྱེད་པའི་ཆེད་དོན་འགུལ་སྐྱོད་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་།   ཁུལ་རིམ་པའི་འགོ་ཁྲིད་ཀྱིས་ཁུལ་ཁོངས་བགར་ཏེ་སྐྱེ་ཁམས་ཁོར་ཡུག་གནད་དོན་ལ་སྐུལ་ཁྲིད་ཞིབ་བཤེར་བྱེད་པའི་བྱ་བའི་ནང་རྐྱེན་བཙུགས་ནས་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ནས་བཟུང་བཟོ་གཏེར་ཁེ་ལས་གཙོ་བོ་དང་སྐྱེ་ཁམས་བཅོས་སྐྱོང་ལས་གཞི་གཙོ་བོའི་ཐད་འཛིན་ཡིག་མེད་པར་གཏེར་ཁ་སྔོག་འདོན་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཁ་གཡར་ཏེ་གཏེར་ཁ་སྔོག་འདོན་བྱེད་པ་སོགས་ཁྲིམས་འགལ་གནད་དོན་ལ་གཅིག་བསྡུས་ཀྱིས་ཞིབ་བཤེར་ནན་མོ་བྱས་པར་མ་ཟད།   ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་རྟོག་ཞིབ་ནན་མོ་དང་དག་ཐེར་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ་ཞིབ་བཤེར་གནས་ཚུལ་ཁྱབ་སྤེལ་བྱས་པ་དང་།    ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ཆབ་སྲིད་ལངས་གནས་མཐོར་འདེགས་བཏང་སྟེ་ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་དག་རང་འགུལ་གྱིས་ཁས་ལེན་བྱེད་པ་དང་།    འགན་འཁྲི་ཁག་ཁུར་ནན་མོ་བྱེད་པ།  དག་ཐེར་བཅོས་སྐྱོང་བྱེད་ཐབས་ཞིབ་ཚགས་སུ་བཏང་སྟེ་དག་ཐེར་བཅོས་སྐྱོང་བྱ་བ་གཟབ་ནན་གྱིས་སྤེལ་བ་དང་ལས་འགན་དུས་ལྟར་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱེད་པའི་ལོ་གསུམ་འགུལ་སྐྱོད་ཁྲོད།   མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྐོར་གསར་པའི་སྐྱེ་ཁམས་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱ་བ་དེ་མགོ་རྩོམ་ས་གསར་བར་བྱས་པ་དང་།  ཁྱོན་ཡོངས་ནས་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་བླང་བྱ་གལ་ཆེན་དང་།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས་བརྟན་འཇགས་དང་གོ་རིམ་ཡོད་པའི་སྒོ་ནས་བཅོས་སྐྱོང་བྱ་བ་སྤེལ་བར་སྐུལ་འདེད་བཏང་ལ།   རྒྱུན་མཐུད་འཕེལ་རྒྱས་དང་བཅོས་སྐྱོང་ནན་མོ་བྱེད་རྒྱུར་མཐོང་ཆེན་བྱས་པ་དང་། འཐུས་ཚང་ཡིན་ལ་དོན་དངོས་དང་མཐུན་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཡུན་ཕན་ནང་རྐྱེན་བཙུགས་ཏེ་ཁོར་ཡུག་གནད་དོན་ཐག་གཅོད་བཟང་བོ་བྱས་པ་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བཟང་བོ་བྱས་ནས་ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་།

                                                                                                      ལོ་ཙཱ་བ། ལྷ་མོ་ཚེ་རིང་།