སྤྱི་ཟླ9པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། པདྨ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་འགན་སྒྲུབ་གནང་བའི2020ལོའི་མཚོ་སྔོན་པདྨའི་མི་རིགས་སྲོལ་རྒྱུན་ཕུལ་བྱུང་མདའ་རྩལ་གདན་ཞུའི་འགྲན་བསྡུར་སྐབས་དྲུག་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་སེ་ལེ་ཐང་གྲོང་རྡལ་དུ་བསྡུས།
པདྨ་ནི་གེ་སར་རིག་གནས་ཀྱི་མཆེད་ཁུངས་གཙོ་བོ་ཞིག་ཡིན་ལ། མགོ་ལོག་ཁག་གསུམ་གྱི་ཕ་ས་ཡང་ཡིན། གནའ་སྔ་མོ་ནས་མདའ་འཕེན་གྱི་ལོ་རྒྱུས་རྒྱུན་རིང་ཞིང་། སྲོལ་རྒྱུན་གྱི་མདའ་འཕེན་རིག་གནས་སྔོག་འདོན་དང་དར་སྤེལ་བྱེད་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བ། མདོག་གསུམ་པདྨའི་སྣང་བརྙན་གསར་བཞེངས་བྱས་ཏེ། རྫོང་ཡོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།
ཐེངས་འདིའི་སྲོལ་རྒྱུན་མདའ་རྩལ་གདན་ཞུའི་འགྲན་བསྡུར་འདིས་རིག་གནས་ཀྱི་མཚོན་རྟགས་སྔར་ལས་རྒྱ་བསྐྱེད་གཏོང་བ་དང་དམངས་ཡོངས་ཀྱི་ལུས་ཕུང་བདེ་ཐང་གི་འཕེལ་རྒྱས་ལ་ཤུགས་བསྣན་ནས། སྔར་ལས་ལྷག་པའི་སྒོ་ནས་པདྨའི་རིག་གནས་གནས་སྐོར་གྱི་ཤན་ཤུགས་མཐོར་འདེགས་གཏོང་བ་དང་པདྨའི་མཚན་སྙན་ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་པ། ལུས་རྩལ་ཐོན་ལས་དང་རིག་གནས་གནས་སྐོར་སོགས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ཐད་སྣེ་ཁྲིད་ཀྱི་ནུས་པ་མི་དམན་པ་ཐོན་བཞིན་ཡོད། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་སྟེང་ཞིང་ཆེན་ནང་ཁུལ་ནས་ཐོན་པའི་འགྲན་ཞུགས་རུ་ཁག30ལྷག་ཞུགས་ཡོད་ལ། བསྟུད་མར་ཉིན4ཡི་རིང་ལ་དྲང་བདེན་དང་དྲང་བཞག འདྲ་མཉམ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་སྐྱེས་པ་མི10ཅན་གྱི་དེང་རབས་ལྕགས་གཞུ་འཁོར་ལོ་མའི་འགྲན་བསྡུར་དང་སྐྱེས་པ་མི10ཅན་གྱི་གཞུ་ལེབ་འགྲན་བསྡུར། སྐྱེས་མ་མི5ཅན་གྱི་གཞུ་ལེབ་འགྲན་བསྡུར་བཅས་ཀྱི་རྣམ་གྲངས་དུ་མ་བརྒྱུད་ཀྲུང་ཧྭའི་དྲག་རྩལ་དར་སྤེལ་དང་མི་རིགས་རིག་གནས་རྒྱུན་འཛིན། “མདོག་གསུམ་པདྨ། ཡུལ་འོང་བོད་ཡུལ”གྱི་མཛེས་སྡུག་གི་རྣམ་པ་གསར་པ་མངོན་པར་མཚོན་ཏེ། སྤྲོ་སེམས་དང་འཆམ་མཐུན། བདེ་འཇགས་བཅས་ཀྱིས་ལུས་རྩལ་ལས་དོན་འཕེལ་རྒྱས་ཐད་ཀྱི་འཚོལ་ཞིབ་དང་ཐབས་ལམ་གསར་པ་མངོན་པར་མཚོན་ཡོད།།