མཚོ་སྔོན་ཞིང་ཆེན་གྱིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཅིག་དུང་ཕྱུར་བརྒྱད་དོན་འཁྱོལ་བྱས།
2020.09.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཉིས་སྟོང་བཅུ་གཅིག་ལོའི་ཚུན་ལ།  མཚོ་སྔོན་ཞིང་ཆེན་གྱིས་ལོ་བཅུའི་རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་ཏེ་བསྡོམས་པས་ཁ་གསབ་བྱ་དགའི་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཅིག་དུང་ཕྱུར་བརྒྱད་དོན་འཁྱོལ་བྱས་ནས་ཁྱིམ་ཚང་འབུམ་གཉིས་དང་ཁྲི་ལྔ་ཡི་མི་འབུམ་བརྒྱད་ལྷག་ལ་ཁེ་ཕན་བསྐྲུན།    ཕྱུགས་བཀག་རྩྭ་ས་མུའུ་དུང་ཕྱུར་གཉིས་ལྷག་ཡོད་པ་དང་།  ཚད་བརྒལ་ཕྱུགས་ཟོག་ས་ཡ་ལྔ་དང་འབུམ་བདུན་ལ་ཞིབ་བཤེར་ཉུང་འཕྲི་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རང་བྱུང་རྩྭ་ཐང་གཞི་རྩའི་སྟེང་རྩྭ་ཕྱུགས་དོ་མཉམ་ལ་སླེབས་པར་བྱས།

རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དེས་རྩྭ་ཐང་གི་སྐྱེ་ཁམས་བྱེད་ནུས་རིམ་བཞིན་སླར་གསོ་བྱུང་བ་དང་གྲུབ་འབྲས་མངོན་གསལ་བླངས་ཡོད།   རྩྭ་ཐང་གི་སྔོ་ཁེབས་ཚད་དེ་ཉིས་སྟོང་བཅུ་ལོའི་བརྒྱ་ཆའི་ལྔ་བཅུ་དང་གྲངས་ཆུང་གཅིག་བདུན་ནས་ཉིས་སྟོང་བཅུ་དྲུག་ལོའི་བརྒྱ་ཆའི་ང་གསུམ་དང་གྲངས་ཆུང་ལྔ་བརྒྱད་དུ་སླེབས་ཡོད་པ་དང་།   རྩྭའི་ཐོན་འབོར་ཉིས་སྟོང་བཅུ་ལོའི་སྤྱི་རྒྱ་བརྒྱ་དང་ང་དགུ་ནས་ཉིས་སྟོང་བཅུ་བདུན་ལོའི་སྤྱི་རྒྱ་བརྒྱ་དང་བདུན་ཅུར་སླེབས་ཡོད།  བྱེ་འགྱུར་རྩྭ་ས་མུའུ་དུང་ཕྱུར་གཅིག་ལྷག་ཇེ་ཉུང་དུ་བཏང་སྟེ་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་ཞན་འགྱུར་གྱི་རྣམ་པར་བཀག་འགོག་བྱས་ནས་ས་ཁུལ་ཁ་ཤས་སུ་བྱེ་འགྱུར་འགོག་བཅོས་ཀྱི་རྣམ་པ་བཟང་བོ་མངོན་ཡོད།  མིག་སྔར།  སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དགུ་བརྒྱ་དང་རེ་གཅིག་འཛུགས་སྐྲུན་བྱས་ཡོད་པ་དང་།   འབྲོག་ཁྱིམ་མཉམ་ལས་ཁང་དུ་ཞུགས་ཚད་དང་ཕྱུགས་ཟོག་དང་རྩྭ་ས་ལེགས་སྒྲིག་བྱས་ཚད་སོ་སོར་བརྒྱ་ཆའི་དོན་གཉིས་དང་གྲངས་ཆུང་ལྔ་དང་བརྒྱ་ཆའི་རེ་བདུན་དང་གྲངས་ཆུང་བརྒྱད།   བརྒྱ་ཆའི་རེ་དྲུག་དང་གྲངས་ཆུང་དགུ་ལ་སླེབས་ཡོད།   ཉིས་སྟོང་བཅུ་དྲུག་ལོར་འབྲོག་པ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར་སྟོང་བརྒྱད་དང་དྲུག་བརྒྱ་རེ་བཞི་ལ་སླེབས་ནས་ཉིས་སྟོང་བཅུ་ལོ་དང་བསྡུར་ན་སྒོར་སྟོང་གསུམ་དང་བརྒྱད་བརྒྱ་རེ་གཉིས་ལྷག་གིས་ཇེ་མང་དུ་སོང་ཡོད་པ་དང་། འཕར་ཚད་བརྒྱ་ཆའི་བརྒྱད་ཅུ་དང་གྲངས་ཆུང་བཞི་ལྔ་ལ་སླེབས་ཡོད།    ཉིས་སྟོང་བཅུ་དགུ་ལོར་འབྲོག་པ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར་ཁྲི་གཅིག་དང་སྟོང་གཅིག་ལྔ་བརྒྱ་ང་དྲུག་ལ་སླེབས་ནས་ཉིས་སྟོང་བཅུ་ལོ་དང་བསྡུར་ན་སྒོར་སྟོང་དྲུག་དང་བདུན་བརྒྱ་ང་བཞི་ལྷག་གིས་ཇེ་མང་དུ་སོང་ཡོད་པ་དང་།  འཕར་ཚད་བརྒྱ་ཆའི་བརྒྱ་དང་བཞི་བཅུ་དང་གྲངས་ཆུང་དྲུག་བརྒྱད་ལ་སླེབས་ཡོད།

                                                                                                                ལོ་ཙཱ་བ། ལྷ་མོ་ཚེ་རིང་།