ཉེ་ལམ། མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གི་ལུས་གསོ་ཚན་ཁག་གི་ཆེད་མཁས་པ་ཡུས་ཧྲུའུ་གྲོང་ཁྱེར་དུ་སོང་ནས་སྐྱེས་མ་ཐག་པ་ནས་ལོ་དྲུག་བར་གྱི་བྱིས་པའི་མིག་ཤུགས་དང་ཉན་ཤུགས། རིག་སྟོབས་སོགས་ལ་བརྟག་དཔྱད་ཞིབ་བཤེར་བྱས་པ་དང་། ལོ་བདུན་ནས་ལོ་བཅུ་བདུན་བར་གྱི་དབང་བོ་སྐྱོན་ཅན་གྱི་དཔང་ཡིག་ཡོད་པའི་བྱིས་པར་བརྟག་དཔྱད་ཞིབ་བཤེར་བྱས་ཏེ་བསྡོམས་པས་ཞིང་ཆེན་གནས་གཏན་ལུས་གསོ་སྡེ་ཁག་ཏུ་བརྟག་དཔྱད་ཞིབ་བཤེར་བྱེད་དགོས་པའི་ནད་དཔེ་ཉེར་དགུ་རྙེད།
ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གི་ཆེད་མཁས་ཚན་ཆུང་སྔ་གཞུག་ཏུ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་ལྔ་རུ་སོང་ནས་དུས་ཡུན་ཉིན་བཅུ་བདུན་གྱི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་བྱ་བ་སྤེལ་བ་དང་། ཡུས་ཧྲུའུ་གྲོང་ཁྱེར་ནི་ཐེངས་འདིའི་བྱ་འགུལ་གྱི་ཆེས་མཇུག་མཐའི་ས་ཚིགས་ཡིན་པ་རེད། དབང་བོ་སྐྱོན་ཅན་ཡིན་པར་ངོས་བཟུང་བའི་བྱིས་པ་དག་ལ་ཞིང་ཆེན་རིམ་པའི་གནས་གཏན་སྨན་བཅོས་སྡེ་ཁག་ཏུ་སྨན་བཅོས་བྱེད་རྒྱུ་ཡིན་པ་དང་། སྨན་བཅོས་བྱས་པའི་སྨན་རིན་དག་ཡུས་ཧྲུའུ་གྲོང་ཁྱེར་དབང་བོ་སྐྱོན་ཅན་གྱི་བྱིས་པའི་ལུས་གསོ་རོགས་སྐྱོར་བྱེད་ཐབས་གཞིར་བཟུང་ནས་ཁ་གསབ་རོགས་སྐྱོར་བྱེད་རྒྱུ་རེད། ཉེ་བའི་ལོ་འགའི་རིང་ལ། ཡུས་ཧྲུའུ་གྲོང་ཁྱེར་གྱི་དབང་བོ་སྐྱོན་ཅན་གྱི་བྱིས་པ་ང་གཉིས་ཀྱིས་ཞིང་ཆེན་རིམ་པའི་གནས་གཏན་སྨན་བཅོས་སྡེ་ཁག་ཏུ་སྨན་བཅོས་དང་ལུས་གསོ་སྦྱོང་བརྡར་དང་ལེན་བྱས་པ་དང་། རོགས་སྐྱོར་མ་དངུལ་སྒོར་འབུམ་བརྒྱད་ལྷག་ལ་སླེབས།
ལོ་ཙཱ་བ། ལྷ་མོ་ཚེ་རིང་།