ས་ཆུ་ཤོར་བར་འགོག་བཅོས་བཟང་བོ་བྱེད་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་ཆེད། ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་རྨ་ཆུའི་བཞུར་རྒྱུད་ཐོན་སྐྱེད་འཛུགས་སྐྲུན་ལས་གཞི་སྟེ་ས་ཆུ་སྲུང་འཛིན་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་དངོས་སུ་སྤེལ་འགོ་བརྩམས་པ་དང་། གཙོ་བོར་ཐོན་སྐྱེད་འཛུགས་སྐྲུན་ལས་གཞི་སྟེ་ས་ཆུ་སྲུང་འཛིན་བྱ་བའི་ཁྲོད་གནས་པའི་ཆོག་མཆན་མ་བཀོད་པར་འཛུགས་སྐྲུན་བྱེད་པ་སོགས་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་སྣ་དྲུག་ལ་བཅོས་སྐྱོང་བྱེད་རྒྱུ་རེད།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ས་ཆུ་སྲུང་འཛིན་ཆེད་དོན་འགུལ་སྐྱོད་སྤེལ་བའི་དུས་ཡུན་ལོ་གཅིག་ཡིན་ལ། ཁྱབ་ཁོངས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ། མཚོ་བྱུང་ཁུལ། མཚོ་ནུབ་ཁུལ། རྨ་ལྷོ་ཁུལ། མགོ་ལོག་ཁུལ། ཡུས་ཧྲུའུ་བཅས་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་རྫོང་དང་ཆུའུ་སོ་དྲུག་ཡིན། བཅོས་སྐྱོང་བྱེད་ཡུལ་ནི2011ལོའི་ས་ཆུ་སྲུང་འཛིན་བཅའ་ཁྲིམས་ལག་བསྟར་བྱས་པའི་ཚུན་གྱི་ཆོག་མཆན་བཀོད་པ་དང་ཆོག་མཆན་འགོད་འོས་པའི་ཆུ་སྲུང་སྐྱོབ་ཇུས་གཞིའི་འཛུགས་སྐྲུན་བྱས་ཟིན་པ་དང་འཛུགས་སྐྲུན་བྱེད་བཞིན་པའི་ཐོན་སྐྱེད་འཛུགས་སྐྲུན་ལས་གཞི་རེད།
ཆེད་དོན་བཅོས་སྐྱོང་གིས་ཐོན་སྐྱེད་འཛུགས་སྐྲུན་ལས་གཞིའི་ས་ཆུ་སྲུང་འཛིན་ཁྲོད་གནས་པའི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་གཅིག་བསྡུས་བཅོས་སྐྱོང་བྱེད་པ་དང་། བྱ་བའི་རྩིས་ཐོ་བཙུགས་ནས། རྙེད་པའི་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་རྒྱུ་ཡིན་ལ། ཆོག་མཆན་མ་བཀོད་པར་འཛུགས་སྐྲུན་བྱེད་པ་དང་། ཆོག་མཆན་མ་བཀོད་པར་འགྱུར་བ། འགོག་བཅོས་བྱེད་ཐབས་ལག་བསྟར་བྱས་པ། ལྟ་ཞིབ་ཚད་ལེན་མ་བྱས་པ། ཞིབ་བཤེར་རྩིས་ལེན་མ་བྱས་པར་བཀོལ་སྤྱོད་བྱེད་པ། ཁ་གསབ་མ་དངུལ་མ་སྤྲད་པ་སོགས་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་དྲུག་གཙོར་བཟུང་ནས་བཅོས་སྐྱོང་བྱེད་རྒྱུ་རེད།
ལོ་ཙཱ་བ། རིན་ཆེན་མཚོ།