གསར་འགོད་པས་ཟླ་དགུ་པའི་ཚེས་ཉེར་བདུན་ཉིན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་གྲངས་ཀའི་རིག་གནས་གནས་སྐོར་གཞི་གྲངས་ཆེན་མོའི་སྟེགས་བུ་བཙུགས་ནས། རིག་གནས་གནས་སྐོར་གྲངས་བསྒྱུར་ཅན་གྱི་བྱ་བའི་རྣམ་པ་གྲུབ་པར་བྱས།
ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་མཉམ་དུ་འབད་འཐབ་བྱས་པ་བརྒྱུད་དེ། གནས་སྐོར་གཞི་གྲངས་ཆེན་པོ་དང་ཐོན་ལས་འཁོར་རྒྱུག་ལྟ་ཞིབ་ཚད་ལེན། ལས་རིགས་དོ་དམ། ལྗོངས་རྒྱུ་ཁུལ་གྱི་མགྲོན་པོའི་གནས་ཚུལ་བཅས་ཀྱི་དབྱེ་ཞིབ་མ་ལག་བཞི་འཛུགས་སྐྲུན་བྱས་ནས། རིག་གནས་གནས་སྐོར་ཐོན་ཁུངས་དང་གནས་སྐོར་དམིགས་ཚད་བསྡོམས་རྩིས། རིག་གནས་གནས་སྐོར་དབུལ་སྐྱོར། ལྗོངས་རྒྱུ་ཁུལ་བདག་གཉེར། རང་ཉིད་ཀྱིས་རླངས་འཁོར་བསྐོར་ནས་གནས་སྐོར་དུ་འགྲོ་བའི་ལམ་ཐིག རིག་དངོས་གཞི་གྲངས། སྤྱི་དམངས་ཀྱི་གདེང་འཇོག་དབྱེ་ཞིབ་དང་གནས་སྐོར་ལྗོངས་རྒྱུ་ཁུལ་ལྟ་ཞིབ་སོགས་གཞི་གྲངས་རྩོལ་ནུས་བརྒྱད་གྲུབ་པར་བྱས། གནས་སྐོར་ལྗོངས་རྒྱུ་ཁུལ་དང་ཟ་ཁང་། གནས་སྐོར་ཁང་། འགྲིམ་འགྲུལ། ཚོང་ར་ཆེན་པོ། རིག་གནས་ཁང་། གཟུགས་འདས་ཤུལ་བཞག་རིག་གནས་སོགས་རིག་གནས་གནས་སྐོར་ཐོན་ཁུངས་ཆེན་པོ་དགུ་མཉམ་བསྲེས་བྱས་ཏེ། ལྗོངས་རྒྱུ་ཁུལ་སུམ་བརྒྱ་དང་བཞི་བཅུ་དང་མགྲོན་ཁང་སུམ་བརྒྱ་དང་སོ་ལྔ། གནས་སྐོར་ཁང་བརྒྱ་དང་དགུ ཞིང་སྡེ་གནས་སྐོར་ས་ཆ་སུམ་བརྒྱ་དང་གསུམ། གནས་སྐོར་དངོས་ཟོག་ཉོ་ཚོང་ཚོང་ར་ལྔ་བརྒྱ་དང་བཅུ་བདུན། གནས་སྐོར་སྤྱོད་ཁང་ཉིས་བརྒྱ་དང་བཅུ་དགུ རང་ཉིད་ཀྱིས་རླངས་འཁོར་བསྐོར་ནས་གནས་སྐོར་དུ་འགྲོ་ས་ཞེ་གསུམ། དཔེ་མཛོད་ཁང་ཞེ་ལྔ། རྟེན་མཛོད་གླིང་སོ་གཉིས། རིག་གནས་ཁང་བཅུ་བདུན། ལུས་རྩལ་ཁང་ཉེར་དྲུག རྗེས་དྲན་ཁང་བརྒྱད། འཁྲབ་སྟོན་ཁང་དགུ་བཅས་གནས་སྐོར་ཐོན་ཁུངས་དང་རིག་གནས་ཁང་གནས་སའི་ཆ་འཕྲིན་བསྡུ་རུབ་བྱ་བ་ཡོངས་འགྲུབ་བྱས་ལ། གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི་བརྒྱ་དང་གོ་དགུ་གཞི་གྲངས་ཅན་དུ་བསྒྱུར། མཚོ་ལྷོ་དང་མཚོ་བྱང་། ཚྭ་ཁ་ཚ་མཚོ་སོགས་ནས་ཚད་གཞི་ཅུང་མཐོ་བ་དང་ལག་རྩལ་ཅུང་སྔོན་ཐོན་ཡིན་པ། འཁོར་རྒྱུག་ཚད་དང་ལྡན་པའི་གྲངས་ཀའི་རིག་གནས་གནས་སྐོར་གཞི་གྲངས་ཆེན་མོའི་སྟེགས་བུ་བཙུགས། ད་ལོའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རིག་གནས་ཁང་དང་གནས་སྐོར་ལྗོངས་རྒྱུ་ཁུལ་གྱིས་དྲ་ཐོག་རིག་གནས་གནས་སྐོར་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། རྨ་ཆུ་དང་རྨ་ཙོང་རིག་གནས་དམངས་ཕན་འཛད་སྤྱོད་དུས་ཚིགས་བྱ་འགུལ་ཐད་གཏོང་བྱས་ཏེ། བལྟ་མཁན་མི་གྲངས་ས་ཡ་བཞི་འབུམ་དྲུག་ཁྲི་ལྔ་ལ་སླེབས།
གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་གྲངས་ཀའི་རིག་གནས་གནས་སྐོར་གཞི་གྲངས་ཆེན་མོའི་སྟེགས་བུ་འཛུགས་སྐྲུན་བྱས་ནས། ཀ་བཞིའི་རིམ་པ་ཡན་གྱི་ལྗོངས་རྒྱུ་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། གཅིག་གཉིས་གསུམ་ཐིག་གཅིག་གི་རྒྱལ་ཁབ་རིག་སྟོབས་གནས་སྐོར་སྤྱི་ཐུན་ཞབས་ཞུ་སྟེགས་བུ་ཡོངས་འགྲུབ་བྱས་ཏེ། རིག་སྟོབས་མགྲོན་ཁང་ཚོད་ལྟ་བྱ་བ་སྤེལ་རྒྱུ་རེད།
ལོ་ཙཱ་བ། རིན་ཆེན་མཚོ།