མཚོ་བྱང་ཁུལ་གྱིས་ཞིང་སྡེ་དར་སྤེལ་འཐབ་ཇུས་དང་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱ་བ་བརྟན་བརླིང་ངང་སྤེལ།
2020.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཉེ་ཆར། གསར་འགོད་པས་མཚོ་བྱང་ཁུལ་ཞིང་སྡེ་དར་སྤེལ་དང་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱ་བའི་སྐུལ་སྤེལ་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུན་མཐུད་ངང་ཞིང་སྡེ་དར་སྤེལ་གཏོང་བ་དང་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་བསྒྱུར་བྱེད་པའི་སྟེང་ཤུགས་བཏོན་པ་དང་། སྟོབས་ཤུགས་ཡོད་རྒུས་ཐོན་ལས་སྟོབས་ལྡན་ཡིན་པ་དང་སྐྱེ་ཁམས་མཛེས་པ། ཞིང་སྡེ་དར་སྤེལ་དང་སྡེ་སྲོལ་བཟང་བ། མང་ཚོགས་ཕྱུག་པའི་དཔེ་གཞི་གསར་བ་འཛུགས་སྐྲུན་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་སྐྱིད་སྣང་བརྟན་བརླིང་ངང་མཐོར་འདེགས་བཏང་།

2018ལོའི་ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱས་པའི་ཚུན་དུ། མཚོ་བྱང་ཁུལ་གྱི་སྲིད་འཛིན་སྡེ་བ་ཉེར་གཅིག་ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་གྱི་དཔེ་སྟོན་སྡེ་བ་རུ་བརྩིས་ནས་ཚོད་ལྟ་བྱ་བ་སྤེལ་བ་དང་། སྔ་གཞུག་ཏུ་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གསུམ་ས་ཡ་གཉིས་བཏང་སྟེ། བསྡོམས་པས་ལས་གཞི་སུམ་བརྒྱ་དང་ཞེ་བརྒྱད་ལག་བསྟར་བྱས། ད་ལོར་ལས་གཞིའི་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་དྲུག་འབུམ་ལྔ་ཁྲི་དྲུག་མཉམ་བསྲེས་བྱས་ནས། ལས་གཞི་བརྒྱ་དང་བདུན་ལག་བསྟར་བྱས། ཚོད་ལྟ་སྡེ་བ་སོ་སོས་རང་སྡེ་བའི་དགེ་མཚན་ལ་རྒྱབ་རྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་དགེ་མཚན་ཐོན་ལས་སྟོབས་ལྡན་དུ་བསྒྱུར་བ། ཞིང་སྡེ་གནས་སྐོར་ལས་རིགས་གསར་སྐྲུན་བྱེད་པ་སོགས་བྱེད་ཐབས་བརྒྱུད་དེ། རིམ་པ་བཞིན་ཐོན་ལས་དར་རྒྱས་ཀྱི་འཕེལ་རྒྱས་ལམ་བུ་རུ་ཞུགས། མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱེད་པ་དང་གསང་སྤྱོད་གསར་བརྗེ། མི་སྡོད་ཁོར་ཡུག་བཅོས་སྐྱོང་སོགས་དམངས་ཚིས་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད་དེ། སྐྱེ་ཁམས་བབ་ཆགས་ཀྱི་མཛེས་པའི་ཁྱིམ་གཞི་འཛུགས་སྐྲུན་བྱས། སྡེ་སྡོད་ཁྲིམས་སྐྱོང་དང་རང་སྐྱོང་། ཀུན་སྤྱོད་ལ་བརྟེན་ནས་སྐྱོང་བའི་ཕྱོགས་བསྡུས་བཅོས་སྐྱོང་མ་དཔེ་འཚོལ་ཞིབ་བྱས་པ་དང་། ཁུལ་ཡོངས་ཀྱི་བརྒྱ་ཆའི་དགུ་བཅུ་ཡན་གྱི་འགལ་རྩོད་སྡེ་བའི་ནང་ཐག་བཅད་དེ། ཞིང་སྡེ་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་།

མི་སྡོད་ཁོར་ཡུག་བཅོས་སྐྱོང་ཐད་ནས་གཙང་སེལ་གསུམ་དང་བཅོས་བསྒྱུར་གཅིག སྦག་བཙོག་དྲུག་བཅོས་སྐྱོང་བྱེད་པ་གཙོ་གནད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཁུལ་ཡོངས་སུ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་བརྒྱད་མཉམ་བསྲེས་བྱས་ནས། ཁྱོན་ཡོངས་ནས་ཞིང་སྡེའི་གད་སྙིགས་བཙོག་ཆུ་ཐག་གཅོད་དང་གསང་སྤྱོད་གསར་བརྗེ། སྡེ་བའི་རྣམ་པ་ཇེ་ལེགས་སུ་གཏོང་བ། མི་སྡོད་ཁོར་ཡུག་བཅོས་སྐྱོང་བཅས་ཀྱི་འགུལ་སྐྱོད་སྤེལ། ཁུལ་ཡོངས་ཀྱི་མཚོ་དཔོན་དང་ཆུ་དཔོན་སུམ་བརྒྱ་དང་གྱ་དྲུག་དང་མཚོ་ཆུ་དོ་སྲུང་བ་བཞི་བརྒྱ་དང་བཞི་ཡིས་དུས་བཀག་ལྟར་ཁུལ་ཡོངས་ཀྱི་ཆུ་བོ་དང་བཏུང་ཆུའི་འགོ་ཁུངས་ས་ཆ་རུ་སྐོར་ཞིབ་དང་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་བྱས། སྡེ་བ་ཉེར་དྲུག་ལ་ཞིང་ཆེན་ཡོངས་ཀྱི་དག་གཙང་སྡེ་བའི་སྐུལ་སློང་མ་དངུལ་ཐོབ་པ་དང་། གད་སྙིགས་གཙང་དག་བྱེད་ཚད་བརྒྱ་ཆའི་དགུ་བཅུ་རུ་སླེབས་ལ། རོང་འབྲོག་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་གྲུབ་འབྲས་མངོན་གསལ་བླངས།

                                                                                                                            ལོ་ཙཱ་བ། རིན་ཆེན་མཚོ།