ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་ཚེས་བརྒྱད་ཉིན་བར། མཚོ་སྔོན་ཞིང་ཆེན་ཡོངས་སུ་བསྡོམས་པས་ཐོན་སྐྱེད་བདག་གཉེར་རང་བཞིན་གྱི་དོན་རྐྱེན་དཀྱུས་མ་བཞི་བྱུང་བ་དང་། མི་བཞི་རྐྱེན་ལམ་དུ་ཤོར་ལ། མི་གཅིག་ལ་རྨས་ཕོག དེའི་ཁྲོད་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་གཉིས་བྱུང་བ་དང་། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་ལ་རྨས་ཕོག ཞིང་ནགས་ཕྱུགས་གསུམ་ཉ་འཛིན་ལས་རིགས། ཉོ་ཚོང་བཟོ་སྐྲུན་ལས་རིགས། འཛུགས་སྐྲུན་ལས་རིགས་དང་གསོག་ཉར་ལས་རིགས། མི་འདུ་ཚོགས་ཆེ་བའི་ཡུལ་གནས་སོགས་ཁྱབ་ཁོངས་དང་གནས་སྐོར། ཆུ་འདོན་གློག་རླངས་དྲོད་སོགས་ལས་རིགས་སུ་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་གཅིག་ཀྱང་མ་བྱུང་ལ། གུང་གསེང་དུས་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་སྤྱི་ཁོག་ནས་ཧ་ཅང་བཟང་།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གཉིས་ཀྱིས་སྔོན་དུ་བཀོད་སྒྲིག་བྱས་པ་དང་། བྱེད་ཐབས་ལག་བསྟར་དམ་འཛིན་བྱས་ལ། ས་ཁུལ་དང་ལས་རིགས་གཙོ་བོར་དམ་དུ་དམིགས་ནས། སྟོབས་ཤུགས་ཡོད་རྒུས་དུས་ཆེན་གཉིས་སྐབས་ཀྱི་འཕྲལ་བསྟུན་དོ་དམ་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས། དུས་ཆེན་སྔོན་དུ། ལྟ་ཞིབ་ཚན་ཆུང་བཞི་མངག་ནས། འབུར་དུ་ཐོན་པའི་ལས་རིགས་ཁྱབ་ཁོངས་གཙོ་བོར་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་འགོག་སྲུང་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་།
དུས་ཆེན་སྐབས་སུ། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་དུས་ཚོད་ཉེར་བཞིའི་ལས་རེས་རྒྱུན་འཁྱོངས་བྱས་པ་དང་། ཉིན་རེར་གྲོང་ཁྱེར་དང་ཁུལ། རྫོང་སོ་སོའི་འཕྲལ་བསྟུན་དོ་དམ་ཅུའུ་ལ་བརྙན་རིས་བརྒྱུད་དེ་མིང་འབོད་དང་ཞིབ་བཤེར་བྱས་པ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་བྱེད་ཐབས་ལག་བསྟར་བྱེད་པར་རྗེས་འདེད་ལྟ་སྐུལ་བྱས་ལ། དུས་ཐོག་ཏུ་རིགས་མི་འདྲ་བའི་གནོད་འཚེ་དོན་རྐྱེན་ཐག་གཅོད་ཐད་བཀོད་གཏོང་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་དུས་ཆེན་སྐབས་ཀྱི་བདེ་འཇགས་འགོག་སྲུང་དང་འཕྲལ་བསྟུན་ཐག་གཅོད་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས།
ལོ་ཙཱ་བ། རིན་ཆེན་མཚོ།