
ནུབ་བྱང་གནས་སྐོར་དེ་ད་ལོའི་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་གཉིས་སྐབས་ཀྱི་གནས་སྐོར་བྱེད་ས་གལ་ཆེན་དུ་གྱུར་བ་དང་བསྟུན་ནས། མཚོ་སྔོན་གྱི་ཚྭ་ཁ་ཚྭ་མཚོ་དང་ཚ་འདམ་གཞོང་ཆེ་བའི་མཚོ་ལྗང་དང་ཝུའུ་སུའུ་ཐི་ཆུ་ཐོག་མཛེས་ལྗོངས་སོགས་ཀྱིས་རྒྱལ་ཡོངས་ས་ཆ་སོ་སོའི་འགྲུལ་བ་མང་པོ་ནང་འགུག་བྱས། ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་ཚེས་བརྒྱད་ཉིན་བར། བསྡོམས་པས་རྒྱལ་ནང་གི་འགྲུལ་བ་ས་ཡ་གསུམ་དང་འབུམ་གཅིག་ཁྲི་ལྔ་སྟོང་དྲུག་སྣེ་ལེན་བྱས་པ་དང་། གནས་སྐོར་ཡོང་སྒོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་ལ་སླེབས།
གསར་འགོད་པས་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་གནས་སྐོར་ཚོང་རའི་དགོས་མཁོ་ཧ་ཅང་ཆེ་བ་དང་། རིག་གནས་གནས་སྐོར་བྱ་འགུལ་དང་ཐོན་རྫས་ཕུན་སུམ་ཚོགས་ལ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་གནས་སྐོར་བྱ་འགུལ་སྤེལ་ནས་འཛད་སྤྱོད་པའི་དགོས་མཁོ་བསྐང་བ་དང་། གནས་སྐོར་ཚོང་ར་མགྱོགས་མྱུར་སྒོས་སླར་གསོ་བྱས།
བསྡོམས་རྩིས་ལྟར་ན། རྒྱལ་སྟོན་དུས་ཆེན་སྐབས་སུ། ཚྭ་ཁའི་ལྗོངས་རྒྱུ་ཁུལ་གྱི་སྐུ་མགྲོན་སྣེ་ལེན་བྱེད་ཚད་འབུམ་གཅིག་དང་ཁྲི་གསུམ་སྟོང་བརྒྱད་ལས་བརྒལ་བ་དང་། ཚ་འདམ་གཞོང་ཆེ་བའི་མཚོ་ལྗང་གི་འགྲུལ་བ་སྣེ་ལེན་བྱེད་ཚད་འབུམ་གཅིག་དང་ཁྲི་གསུམ་སྟོང་གཅིག་ལ་སླེབས་ལ། ཝུའུ་སུའུ་ཐི་ཆུ་ཐོག་མཛེས་ལྗོངས་ཀྱིས་འགྲུལ་བ་ཁྲི་གསུམ་དང་སྟོང་གསུམ་སྣེ་ལེན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་བྱེད་ས་གཙོ་བོར་གྱུར། ཞིན་ཧྭ་ལེན་བྱིས་པའི་རྩེད་འཇོ་ར་བས་འགྲུལ་བ་ཁྲི་ལྔ་དང་སྟོང་བདུན་སྣེ་ལེན་བྱས་ཏེ། ན་གཞོན་ལོ་ཆུང་ཆེས་དགའ་པའི་གནས་སྐོར་ལྗོངས་རྒྱུ་ཁུལ་དུ་གྱུར་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཀྱིས་འགྲུལ་བ་འབུམ་ལྔ་དང་ཁྲི་གསུམ་སྟོང་བཞི་བརྒྱ་ལ་སྣེ་ལེན་བྱས་པ་དང་། གུང་གསེང་སྐབས་ཀྱི་རིག་གནས་གནས་སྐོར་དཔལ་འབྱོར་དེ་འཛད་སྤྱོད་ལ་སྣེ་ཁྲིད་བྱེད་པའི་ལམ་བུ་གལ་ཆེན་དང་དཔལ་འབྱོར་འཕར་གནས་གསར་བར་གྱུར།
རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ལ་དམིགས་ནས་རིག་གནས་གནས་སྐོར་བརྗོད་དོན་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། ས་ཆ་སོ་སོའི་དཔེ་མཛོད་ཁང་དང་རྟེན་མཛོད་གླིང་། རིག་གནས་ཁང་སོགས་སྤྱི་ཐུན་རིག་གནས་ཁང་བཅས་གོ་རིམ་ལྡན་པའི་སྒོ་ནས་སྒོ་ཕྱེས་ཏེ། འགྲུལ་བའི་གནས་སྐོར་མྱོང་ཚོར་ཕུན་སུམ་ཇེ་ཚོགས་སུ་བཏང་། ཚ་རྔ་འགག་ལྗོངས་རྒྱུ་ཁུལ་གྱིས་གླུ་དབྱངས་ལེན་པའི་བྱ་འགུལ་དང་རོལ་མོ་རུ་ཁག་གི་འཁྲབ་སྟོན། ཟས་རིགས། ལྗོངས་རྒྱུ་ཁུལ་གྱི་མཛེས་ལྗོངས་སོགས་ཀྱི་བྱ་འགུལ་སྤེལ་ནས། འགྲུལ་བ་ཚོས་རིག་གནས་གནས་སྐོར་ཀྱི་གསོལ་སྟོན་ཕུན་སུམ་ཚོགས་པ་ཉམས་ལེན་བྱེད་ཐུབ་པ་བྱུང་།
དེ་ལས་གཞན། ཧུའུ་ཀྲུའུ་བྱང་རི་ནགས་ཚལ་སྤྱི་གླིང་དང་ཚྭ་ཁ་ཚྭ་མཚོ། མཚོ་སྔོན་པོ་སོགས་གནས་སྐོར་ལྗོངས་རྒྱུ་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་འགྲུལ་བ་མང་པོ་ནང་འགུག་བྱས།
ལོ་ཙཱ་བ། རིན་ཆེན་མཚོ།