མཚོ་སྔོན་ཞིང་ཆེན་གྱི་མི་ཁྲི་གཉིས་དང་བརྒྱད་བརྒྱ་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ལས་ཕྱིར་བུད།
2020.10.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་བཅུ་བའི་ཚེས་བཅུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དགུ་པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་མི་སྣ་ཁྲི་དྲུག་དང་སྟོང་གཉིས་ལྔ་བརྒྱ་ཡོད་པ་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་མི་སྣ་འབུམ་གསུམ་དང་སྟོང་བརྒྱད་བརྒྱད་བརྒྱ་ཡོད་ལ། དམིགས་བསལ་དཀའ་ཁག་ཅན་གྱི་མི་སྣ་ཁྲི་གཅིག་དང་སྟོང་བདུན་བཞི་བརྒྱ་ཡོད་པ་དང་། གནས་སྐབས་ཀྱི་རོགས་སྐྱོར་མི་སྣ་འབུམ་གསུམ་དང་ཁྲི་བཞི་སྟོང་དྲུག་ཡོད་ལ། རིགས་མི་འདྲ་བའི་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཅིག་སྟོང་བདུན་ཉིས་བརྒྱའི་འགྲོ་སྒོ་བཏང་བ་དང་། ཟླ་དང་པོ་ནས་ཟླ་དགུ་པའི་བར་ཞིང་ཆེན་ཡོངས་སུ་བསྡོམས་པས་མི་ཁྲི་གཉིས་དང་བརྒྱད་བརྒྱ་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཁྲོད་ནས་ཕྱིར་བུད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་དགོངས་གཞི་རྒྱུན་འཁྱོངས་བྱས་ལ། མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབས་ལ། འགན་སྲུང་དྲུག་གི་ལས་འགན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ཧུར་ཐག་གིས་རིམས་ནད་ཀྱི་གནོད་པ་ཁྱད་སེལ་བྱས་ལ། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་དམངས་སྲིད་ཀྱི་སྟོབས་ཤུགས་འབུལ་བ་དང་། དམངས་ཚིས་མཐིལ་རྟོགས་འགན་སྲུང་དྲ་རྒྱ་བརྟན་པོ་བཙུགས་ནས། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མཐུད་ངང་ཇེ་དྲག་ཏུ་བཏང་། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་མཐིལ་རྟོགས་འགན་སྲུང་གི་བརྙན་འཕྲིན་ཁ་པར་དང་མཐིལ་རྟོགས་དབུལ་སྐྱོར་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་པ་དང་། དབུལ་ཕོངས་མི་སྣའི་གཞི་རྩའི་འཚོ་བའི་ལྟ་ཞིབ་ཚད་ལེན་རྐྱེན་སྲོལ་འཐུས་ཚང་དུ་བཏང་ལ། ལྟ་སྐུལ་བྱ་བར་ཤུགས་བསྣན་པ་དང་། མཐིལ་རྟོགས་འགན་སྲུང་གི་སྲིད་ཇུས་བྱེད་ཐབས་སྣ་ཚོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། དབུལ་ཕོངས་མི་གྲངས་གཅིག་ཀྱང་མི་བསྐྱུར་བ་དང་གཅིག་ཀྱང་མི་ལུས་པའི་བྱ་བའི་དམིགས་འབེན་མངོན་འགྱུར་བྱས་ཏེ། ཞིང་ཆེན་ཡོངས་སུ2020ལོའི་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རོགས་སྐྱོར་དབུལ་ཐར་མཁྲེགས་གཏོར་མཐིལ་རྟོགས་འགན་སྲུང་འགུལ་སྐྱོད་ལག་བསྟར་ཇུས་གཞི་གཙོར་བྱས་པའི་སྤྱི་ཚོགས་རོགས་སྐྱོར་མཐིལ་རྟོགས་དབུལ་ཐར་བྱ་བའི་རྣམ་པ་གྲུབ་པར་བྱས། ཟླ་དང་པོ་ནས་ཟླ་དགུ་པའི་བར་ཞིང་ཆེན་ཡོངས་སུ་བསྡོམས་པས་མི་ཁྲི་གཉིས་དང་བརྒྱད་བརྒྱ་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཁྲོད་ནས་ཕྱིར་བུད་པ་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཁྲོད་གསར་དུ་ཞུགས་པའི་མི་ཁྲི་གསུམ་དང་སྟོང་ལྔ་བདུན་བརྒྱ་ཡོད།

ལོ་ཙཱ་བ། རིན་ཆེན་མཚོ།