མཚོ་སྔོན་ཞིང་ཆེན་གྱིས་དགུན་ཁར་དྲོད་ཁོལ་སྐྱེལ་བའི་ཆེད་དོན་རོགས་སྐྱོར་འགུལ་སྐྱོད་སྤེལ།
2020.10.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན། གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྡོད་གནས་ངེས་གཏན་མེད་པའི་མི་ལྡོམ་པོ་དང་སློང་མོ་བའི་བདེ་ཐང་དང་གཞི་རྩའི་འཚོ་བར་འགན་སྲུང་བྱེད་ཆེད། ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས2020ལོའི་དགུན་ཁར་དྲོད་ཁོལ་སྐྱེལ་བའི་ཆེད་དོན་རོགས་སྐྱོར་འགུལ་སྐྱོད་སྤེལ་བའི་སྐོར་གྱི་བརྡ་སྦྱོར་སྤེལ་ནས། 2020ལོའི་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་ནས2021ལོའི་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་བར་དགུན་ཁར་དྲོད་ཁོལ་སྐྱེལ་བའི་ཆེད་དོན་རོགས་སྐྱོར་འགུལ་སྐྱོད་སྤེལ་རྒྱུ་ཐག་བཅད།

རྒྱུས་ལོན་བྱུང་བ་ལྟར་ན། དགུན་ཁར་དྲོད་ཁོལ་སྐྱེལ་བའི་ཆེད་དོན་རོགས་སྐྱོར་འགུལ་སྐྱོད་སྤེལ་བའི་སྐབས་སུ་འཚོ་བར་དཀའ་ཁག་ཡོད་པ་དང་སྡོད་གནས་ངེས་གཏན་མེད་པའི་མི་ལྡོམ་པོ་དང་སློབ་མོ་བར་ཁྲིམས་སྲོལ་ལྟར་རང་འགུལ་གྱིས་རོགས་སྐྱོར་བྱེད་པ་དང་། གནས་སྐབས་ཀྱི་འཚོ་བའི་དཀའ་ཁག་ཐག་གཅོད་པ་དང་མིའི་བདེ་ཐང་དང་གཞི་རྩའི་འཚོ་བར་འགན་སྲུང་བྱས་ཏེ། ཁོ་ཚོས་བདེ་འཇགས་ཡིན་ལ་དྲོད་སྐྱིད་ལྡན་པའི་དགུན་ཁ་ཞིག་རོལ་བར་ཁག་ཐེག་བྱེད་རྒྱུ་རེད།

བརྡ་སྦྱོར་ལས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་དང་རོགས་སྐྱོར་དོ་དམ་སྡེ་ཁག་གིས་དམངས་སྲིད་དམངས་བསམ་དང་དམངས་སྲིད་དམངས་གཅེས་བྱ་བའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། རིམས་ནད་འགོག་བཅོས་སྐབས་ཀྱི་རོགས་སྐྱོར་དོ་དམ་བྱ་བའི་རེ་བ་ལྟར། མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་ཀྱི་ནམ་ཟླའི་ཁྱད་ཆོས་དང་རོགས་སྐྱོར་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ་དང་། འཚོ་བར་དཀའ་ཁག་ཆེ་བའི་མི་ལྡོམ་པོ་དང་སློང་མོ་བའི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་དེ་འགོ་ཚུགས་ས་རུ་བྱེད་པ། ཁོངས་གཏོགས་དོ་དམ་དང་རིམ་བགོས་འགན་ཁུར་གྱི་རྩ་དོན་ལྟར། བྱ་བའི་དམིགས་འབེན་དང་བྱ་བའི་འགན་འཁྲི། རིམས་ནད་འགོག་སྡོམ། དྲིལ་སྒྲོག་སྣེ་ཁྲིད་སོགས་ཕྱོགས་ནས་བྱ་བའི་ཇུས་གཞི་ཞིབ་མོ་གཏན་འབེབས་བྱེད་དགོས། མཚོ་སྔོན་ཞིང་ཆེན་གྱི་དགུན་ཁའི་རོགས་སྐྱོར་གྱི་དུས་ཡུན་རིང་བ་དང་ལས་འགན་ལྕི་བ་སོགས་ཀྱི་ཁྱད་ཆོས་ལ་བསམ་གཞིགས་གཏོང་བ་དང་། རོགས་སྐྱོར་གྲོན་དངུལ་ལ་འགན་སྲུང་བྱེད་པ་དང་རོགས་སྐྱོར་ཞབས་ཞུ་ཆ་རྐྱེན་ལེགས་སྒྱུར་བྱེད་པ། བྱ་བའི་དཔུང་སྡེ་སྟོབས་ལྡན་དུ་གཏོང་བ། མི་ཤུགས་བཀོད་སྒྲིག་དང་དངོས་ཟོག་འགན་སྲུང་ལ་ཤུགས་སྣོན་པ་སོགས་ཕྱོགས་ལ་ཤུགས་བཏོན་ནས། དགུན་ཁར་དྲོད་ཁོལ་སྐྱེལ་བའི་ཆེད་དོན་རོགས་སྐྱོར་འགུལ་སྐྱོད་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། དེ་དང་མཉམ་དུ། སྤྱི་བདེ་དང་འཕྲོད་བསྟེན་བདེ་ཐང་། གྲོང་ཁྱེར་དོ་དམ། འགྲིམ་འགྲུལ་སོགས་སྡེ་ཁག་མང་པོའི་བར་གྱི་མཐུན་སྦྱོར་བརྗེ་རེས་ལ་ཤུགས་སྣོན་པ་དང་། དགུན་ཁའི་ནམ་ཟླའི་འགྱུར་ལྡོག་ལ་དོ་སྣང་བྱེད་པ་དང་། ཞན་ཆ་དང་ཉེན་ཁར་དབྱེ་ཞིབ་ནན་མོ་བྱས་ཏེ། སྤྱི་བདེ་དང་གྲོང་ཁྱེར་དོ་དམ་གྱིས་སྲང་ལམ་སྐོར་ཞིབ་ཀྱི་འགན་ཁུར་བ་དང་། དམངས་སྲིད་སྡེ་ཁག་ས་ཚིགས་སུ་སོང་ནས་རོགས་སྐྱོར་བྱེད་པའི་འགན་ཁུར་བའི་མཉམ་འབྲེལ་རྐྱེན་སྲོལ་གྲུབ་པར་བྱེད་དགོས་པའི་རེ་བ་བཏོན།

ལོ་ཙཱ་བ། རིན་ཆེན་མཚོ།