རང་ཞིང་གིས་མཐོ་རིམ་སློབ་གྲྭའི་ཁ་གཏད་རོགས་སྐྱོར་ལས་བྱེད་པའི་དོ་དམ་བྱེད་ཐབས་ཕྱིར་བཏོན།
2020.10.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཉེ་ལམ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མཐོ་རིམ་སློབ་གྲྭའི་ཁ་གཏད་རོགས་སྐྱོར་ལས་བྱེད་པའི་དོ་དམ་བྱེད་ཐབས་ཕྱིར་བཏོན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་ཁ་གཏད་རོགས་སྐྱོར་ལས་བྱེད་པའི་དོ་དམ་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། འབྲེལ་ཡོད་སྡེ་ཁག་སོ་སོའི་མཐོ་རིམ་སློབ་གྲྭའི་ཁ་གཏད་རོགས་སྐྱོར་ལས་བྱེད་པའི་དོ་དམ་བྱ་བའི་ཁྲོད་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས། མཐོ་རིམ་སློབ་གྲྭའི་ཁ་གཏད་རོགས་སྐྱོར་ལས་བྱེད་པར་ལྡན་དགོས་པའི་གཞི་རྩའི་ཆ་རྐྱེན་དང་ཐོབ་ཐང་ཐད་ནས་རྩ་དོན་རང་བཞིན་གྱི་གཏན་ཁེལ་བྱས་པ་དང་། ལྷག་པར་དུ་མཐོ་རིམ་སློབ་གྲྭའི་ཁ་གཏད་རོགས་སྐྱོར་ལས་བྱེད་པའི་ཆབ་སྲིད་བྱང་ཚད་ནན་སྟོན་བྱས་པར་མ་ཟད། གདམ་མངགས་མི་སྣར་རབ་འབྱམས་པའི་ཡན་གྱི་བསླབ་གནས་དང་མཐོ་རིམ་ཆེད་ལས་ལག་རྩལ་ལས་ཐོབ་དང་ཡང་ན་རིམ་པ་དྲུག་ཡན་གྱི་དོ་དམ་ལས་འགན་ཡོད་དགོས་པའི་རེ་བ་བཏོན་ནས། གདམ་མངགས་བྱས་པའི་ལས་བྱེད་པར་ཆབ་སྲིད་ཀྱི་བྱང་ཚད་དང་ཆེད་ལས་བྱང་ཚད་ཅུང་མཐོན་པོ་ཡོད་པར་ཁག་ཐེག་བྱས།

རང་ཞིང་གིས་རོགས་སྐྱོར་ཐོབ་པའི་མཐོ་རིམ་སློབ་གྲྭས་ཕྱོགས་བསྡུས་བཅོས་སྒྱུར་དང་དེང་རབས་སློབ་ཆེན་ལམ་ལུགས་འཛུགས་སྐྲུན་བྱེད་པ་དང་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་ཆུ་ཚད་མཐོར་འདེགས་གཏོང་བ། ཚན་རིག་ཞིབ་འཇུག་དང་ལག་རྩལ་འགག་སྒྲོལ་སྤེལ་བར་མཛུབ་ཁྲིད་དང་རོགས་སྐྱོར་བྱེད་པ་སོགས་ཕྱོགས་ནས། མཐོ་རིམ་སློབ་གྲྭའི་ཁ་གཏད་རོགས་སྐྱོར་ལས་བྱེད་པས་མཚོ་སྔོན་དུ་བྱ་བ་སྒྲུབ་པའི་སྐབས་ཀྱི་བྱ་བའི་ལས་འགན་ཇེ་ཞིབ་ཏུ་བཏང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་དོ་དམ་གྱི་འབྲེལ་ཡོད་སྲིད་ཇུས་ལ་གཞིགས་ནས། མཐོ་རིམ་སློབ་གྲྭའི་ཁ་གཏད་རོགས་སྐྱོར་ལས་བྱེད་པའི་ཉིན་རྒྱུན་དཔྱད་ཞིབ་དང་བྱ་བའི་དཔྱད་ཞིབ། ལོ་ཧྲིལ་བོའི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་གཙོ་གཞི་དང་ནང་དོན་ཚད་ལྡན་དུ་བཏང་ལ། མཐོ་རིམ་སློབ་གྲྭའི་ཁ་གཏད་རོགས་སྐྱོར་ལས་བྱེད་པའི་ལས་ཐོབ་ཡར་ཞུ་དང་ཚན་རིག་ཞིབ་འཇུག་གྲུབ་འབྲས་ངོས་འཛིན། ཤེས་ལྡན་མི་སྣའི་ལས་གཞི་ཡར་ཞུ་བྱེད་པ་སོགས་ཕྱོགས་ནས་ལོངས་སྤྱོད་བྱེད་འོས་པའི་གཟིགས་སྐྱོང་སྲིད་ཇུས་གཏན་ཁེལ་གསལ་བོ་བྱས་ཏེ། མཐོ་རིམ་ཁ་གཏད་རོགས་སྐྱོར་ལས་བྱེད་པར་སྲིད་ཇུས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན།

དེ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་མཐོ་རིམ་སློབ་གྲྭའི་ཁ་གཏད་རོགས་སྐྱོར་ལས་བྱེད་པའི་ཟླ་ཕོགས་ཐོབ་ཐང་དང་ཐོལ་བྱུང་གནོད་འཚེ་ཉེན་སྲུང་། ལུས་ཕུང་བརྟག་དཔྱད། གུང་སེང་། གཟེངས་བསྟོད་བྱ་དགའ་སོགས་འབྲེལ་ཡོད་ནང་དོན་སྔར་ལས་ཚད་ལྡན་དུ་བཏང་བ་དང་། མཐོ་རིམ་སློབ་གྲྭ་སོ་སོས་སེམས་ཁུར་གཅེས་སྤྲས་བྱེད་ཐབས་ལག་བསྟར་བྱེད་པ་དང་། སློབ་གྲྭའི་འགོ་ཁྲིད་ཀྱིས་ཁ་གཏད་རོགས་སྐྱོར་ལས་བྱེད་པར་འབྲེལ་འདྲིས་བྱེད་པའི་ལམ་ལུགས་འཛུགས་པ། དུས་བཀག་ལྟར་གླེང་མོལ་བྱེད་པ། དུས་ཐོག་ཏུ་མཐོ་རིམ་སློབ་གྲྭའི་ཁ་གཏད་རོགས་སྐྱོར་ལས་བྱེད་པའི་དཀའ་ཁག་དངོས་དང་གནད་དོན་ཐག་གཅོད་པར་རོགས་བྱེད་རྒྱུའི་རེ་བ་བཏོན།

ལོ་ཙཱ་བ། རིན་ཆེན་མཚོ།