རང་ཞིང་གི་སྡེ་ཁག་དྲུག་གིས་མཉམ་འབྲེལ་གྱིས་ཉིས་སྟོང་ཉི་ཤུ་ལོའི་ལྗང་མདོག་གི་འགོག་སྒྲིབ་ཅེས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་པའི་བྱ་བ་སྤེལ། 
2020.10.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

བསྟུད་མར་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་པའི་བྱ་བ་སྤེལ་བ་དང་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་རྩད་ཞིབ་ནན་མོ་བྱེད་ཆེད། ཉེ་སྔོན་ཞིང་ཆེན་ནགས་ཚལ་རྩྭ་ས་ཅུའུ་ཡིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐིན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེའི་ལས་དོན་ཐིན་བཅས་དང་མཉམ་འབྲེལ་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་ལྗང་མདོག་གི་འགོག་སྒྲིབ་ཅེས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་པའི་བྱ་བའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པ་དང་། ད་ལོའི་ཟླ་བཅུ་བ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཉིས་སྟོང་ཉི་ཤུ་ལོའི་ལྗང་མདོག་གི་འགོག་སྒྲིབ་ཅེས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་པའི་བྱ་བ་སྤེལ། 

ཇུས་གཞི་ལས་བསྟན་དོན། ཉིས་སྟོང་བཅུ་བདུན་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར་གྱི་ལྗང་མདོག་གི་འགོག་སྒྲིབ་ཅེས་པའི་ལྟ་སྐུལ་ལ་ཤུགས་སྣོན་པའི་བྱ་བའི་རྨང་གཞིའི་སྟེང་། ཉིས་སྟོང་ཉི་ཤུ་ལོའི་ལྗང་མདོག་གི་འགོག་སྒྲིབ་ཅེས་པའི་ལྟ་སྐུལ་ལ་ཤུགས་སྣོན་པའི་བྱ་བའི་བཀོད་སྒྲིག་རེ་བ་གཞིར་བཟུང་སྟེ། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་བདུན་དང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་བཞིའི་མིའི་རིགས་ཀྱི་འགུལ་སྐྱོད་ལ་རྒྱང་ཚོར་ལྟ་ཞིབ་བྱས་པ་ལས་རྙེད་པའི་གནད་དོན་ཁུངས་སྣེ་གསར་བའི་ཡུལ་དངོས་ཀྱི་དཔྱད་ཞིབ་བྱ་བ་ཡོངས་འགྲུབ་བྱས་པ་དང་། རིགས་སྣ་ཚོགས་ཀྱི་མིའི་རིགས་འགུལ་སྐྱོད་བྱེད་སའི་གནས་དང་གནད་དོན་གྱི་རྩིས་ཐོ་འཐུས་ཚང་དུ་བཏང་ནས། ཉིས་སྟོང་བཅུ་བདུན་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར་གྱི་ལྗང་མདོག་གི་འགོག་སྒྲིབ་ཅེས་པའི་ལྟ་སྐུལ་ལ་ཤུགས་སྣོན་པའི་བྱ་བ་ལས་རྙེད་པའི་གནད་དོན་གྱི་ལེགས་བཅོས་ཡོངས་འགྲུབ་གནས་ཚུལ་ལེགས་སྒྲིག་དང་དཔྱད་ཞིབ་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཁྲིམས་འགལ་ལུགས་འགལ་གནད་དོན་རྩད་ཞིབ་བྱེད་པ་དང་། ཁྱད་པར་དུ་རང་བྱུང་སྲུང་སྐྱོབ་ས་ཁུལ་བཙུགས་རྗེས་བྱུང་བའི་གཏེར་ཁ་དང་རྡོ་ཟེགས་སྔོག་འདོན་དང་། གྲུ་ཁ་ལས་པ། གཏེར་འདོན་ཁེ་ལས་བསྒྲུབ་པ། མཚོ་འགྲམ་བདག་བཟུང་བྱེད་པ། བརླན་ས་བཙན་བཟུང་བྱེད་པ། དཀྱིལ་སྙིང་ས་ཁུལ་དུ་གནས་སྐོར་གསར་སྤེལ་དང་ཆུ་གློག་གསར་སྤེལ་བྱེད་པ་བཅས་གནད་དོན་གལ་ཆེན་རིགས་བརྒྱད་ལ་རྩད་ཞིབ་ནན་མོ་བྱས་ཤིང་། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་འཛུགས་སྐྲུན་དོ་དམ་གྱི་འགན་འཁྲི་གཙོ་བོ་ཁུར་དུ་ལེན་པ་དང་། ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་ཆད་གཅོད་བཀག་འགོག་བྱས་ཏེ། རང་བྱུང་སྲུང་སྐྱོབ་ས་ཁུལ་ནང་གི་ཁྲིམས་འགལ་ལུགས་འགལ་བྱ་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་ཟེར། 

དེ་ལས་གཞན་ཇུས་གཞི་ལས་ཉིས་སྟོང་བཅུ་བདུན་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར་གྱི་ལྟ་སྐུལ་ལ་ཤུགས་སྣོན་པའི་བྱ་བའི་ཁྲོད་རྙེད་པའི་གནད་དོན་གཙོ་བོ་སྣ་བཞི་ལ་ལྟ་རྟོག་རྩད་ཞིབ་བྱས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཀྱི་རེ་བ་ལྟར། རང་བྱུང་སྲུང་སྐྱོབ་ས་ཁུལ་དང་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་འགལ་ལུགས་འགལ་བྱ་འགུལ་ལ་རྩད་གཅོད་ནན་མོ་བྱས་ཏེ། དོ་དམ་འགན་འཁྲི་དངོས་འབེབ་དང་རིམ་པ་བཞིན་དུ་ནན་འཛིན་སྒོས་གནད་དོན་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།