རང་ཞིང་གིས་ལོ་ཧྲིལ་བོའི་སྡོད་ཁང་འཛུགས་སྐྲུན་དངུལ་གཏོང་ལས་འགན་བརྒྱ་ཆའི་གྱ་གཅིག་ལྷག་ཡོངས་འགྲུབ་བྱས།
2020.10.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་རང་ཞིང་གི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ལས་རིགས་ཀྱིས་སྟོབས་ཤུགས་ཡོད་རྒུས་དངུལ་གཏོང་གཏན་འཇགས་དང་སྔོན་རྩིས་གཏན་འཇགས་སུ་བཏང་བ་དང་། དམངས་ཚིས་འགན་སྲུང་བྱས་ལ། རིམ་པ་བཞིན་དམངས་ཚིས་ལས་གཞི་གལ་ཆེན་ཐད་ཀྱི་དངུལ་གཏོང་ཚད་ཇེ་ཆེར་བཏང་སྟེ། ཟླ་དགུ་པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ལས་རིགས་ཀྱི་ལོ་ཧྲིལ་བོའི་དངུལ་གཏོང་ལས་འགན་བརྒྱ་ཆའི་གྱ་གཅིག་དང་གྲངས་ཆུང་དྲུག་དྲུག་ཡོངས་འགྲུབ་བྱས་པ་དང་། གཏན་འཇགས་དངུལ་གཏོང་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ཚད་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཞི་དང་གྲངས་ཆུང་ལྔ་ཡིས་ཇེ་མཐོར་སོང་།

སྡོད་ཁང་གནད་དོན་དེ་དུས་ཡུན་རིང་བོའི་དམངས་ཚིས་དོན་ཆེན་ཡིན། གཞིས་ཁུལ་རྙིང་བའི་མང་ཚོགས་ཀྱི་བདེ་སྡོད་ཕུགས་འདུན་མངོན་འགྱུར་བྱེད་ཆེད། ལོ་མང་པོའི་རིང་ལ་རང་ཞིང་གིས་རྒྱུན་མཐུད་ངང་གྲོང་གསེབ་ཀྱི་ཁང་རྙིང་ཁུལ་དང་གཞིས་ཁུལ་རྙིང་བ་བསྒྱུར་བཀོད་བཟོ་སྐྲུན་སྤེལ་ནས། མང་ཚོགས་ཀྱི་བསྔགས་བརྗོད་ཐོབ། ད་ལོའི་ཟླ་དགུ་པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཁང་རྙིང་ཁུལ་བསྒྱུར་བཀོད་ལས་གཞི་ཐད་ནས་ཁང་བ་སྟོང་ལྔ་དང་བཞི་བརྒྱ་ཞེ་དྲུག་བསྒྱུར་བཀོད་བྱས་པ་དང་། ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བདུན་ས་ཡ་དྲུག་བཏང་ལ། ཁང་རྙིང་ཁུལ་བསྒྱུར་བཀོད་ཐད་ནས་ཁང་བ་ཁྲི་བཞི་དང་སྟོང་བདུན་བརྒྱད་བརྒྱ་ཞེ་བདུན་བསྒྱུར་བཀོད་བྱས་པ་དང་། གྲོང་གསེབ་ཀྱི་ཁང་རྙིང་ཁུལ་བསྒྱུར་བཀོད་དང་ཁང་རྙིང་གཞིས་ཁུལ་གྱི་བསྒྱུར་བཀོད་ལས་གཞིའི་ཐད་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བཞི་བྱེ་བ་གཉིས་ས་ཡ་གསུམ་བཏང་སྟེ། ལོ་ཧྲིལ་བོའི་དངུལ་གཏོང་ལས་འགན་གྱི་བརྒྱ་ཆའི་གྱ་ལྔ་དང་གྲངས་ཆུང་ལྔ་བརྒྱད་ཡོངས་འགྲུབ་བྱས།

དེ་དང་མཉམ་དུ། རང་ཞིང་གིས་ད་དུང་རྒྱུན་མཐུད་ངང་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་བསྒྱུར་བཟོ་སྐྲུན་ལག་བསྟར་བྱས་ནས། ད་ལོའི་ཟླ་དགུ་པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བསྒྱུར་ལས་གཞིའི་ཐད་ནས་ཁང་བ་ཁྲི་གཉིས་དང་སྟོང་བདུན་སུམ་བརྒྱ་དང་གསུམ་ལས་འགོ་བརྩམས་པ་དང་། ལས་འགོ་བརྩམས་ཚད་བརྒྱ་ཆའི་གོ་གཅིག་ལ་སླེབས། དེའི་ནང་ཁང་བ་ཁྲི་གཅིག་དང་སྟོང་གསུམ་བདུན་བརྒྱ་དང་དྲུག་ལེགས་འགྲུབ་བྱས་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཆེད་སྤྱོད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་ལྔ་བཏང་ལ། བསྡོམས་པས་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་བདུན་ས་ཡ་དགུ་བཏང་ནས། ལོ་ཧྲིལ་བོའི་དངུལ་གཏོང་ལས་འགན་གྱི་བརྒྱ་ཆའི་དོན་གསུམ་དང་གྲངས་ཆུང་གཉིས་ལྔ་ཡོངས་འགྲུབ་བྱས། མཐོ་སྒང་གི་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་ལས་གཞི་ཉིས་བརྒྱ་དང་གོ་ལྔ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། འཛུགས་སྐྲུན་བྱེད་ཚད་བརྒྱ་ཆའི་གོ་བརྒྱད་ལ་སླེབས་ལ། ཞིང་ཆེན་རིམ་པའི་ནོར་སྲིད་ཆེད་སྤྱོད་ཁ་གསབ་མ་དངུལ་དུང་ཕྱུར་གསུམ་དང་བྱེ་བ་དགུ་བཏང་བ་དང་། བསྡོམས་པས་མ་དངུལ་དུང་ཕྱུར་བརྒྱད་དང་བྱེ་བ་གཅིག་ས་ཡ་བཞི་བཏང་སྟེ། ལོ་ཧྲིལ་བོའི་དངུལ་གཏོང་ལས་འགན་གྱི་བརྒྱ་ཆའི་རེ་བདུན་དང་གྲངས་ཆུང་བརྒྱད་གསུམ་ཡོངས་འགྲུབ་བྱས། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ཕྱོགས་ནས། གྲོང་གསེབ་བཅུ་གཉིས་སུ་མཛེས་པའི་གྲོང་གསེབ་ལས་གཞི་ལག་བསྟར་བྱས་པ་དང་། གྲོང་ཁྱེར་གྱི་སྤྱི་སྤྱོད་རྨང་གཞི་སྒྲིག་ཆས་དང་ཁོར་ཡུག་བཅོས་སྐྱོང་ལས་གཞི་དོན་དགུ་གཏན་ཁེལ་བྱས་ལ། བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བཏང་ནས། ལོ་ཧྲིལ་བོའི་དངུལ་གཏོང་ལས་འགན་གྱི་བརྒྱ་ཆའི་གྱ་གཅིག་དང་གྲངས་ཆུང་གཉིས་ལྔ་ཡོངས་འགྲུབ་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།