རང་ཞིང་གིས་མེ་འགོག་མེ་གསོད་ཉེན་སེལ་དམག་མི་བཞི་བརྒྱ་དང་གྱ་གཅིག་ལ་ཁྱིམ་ཚང་གི་གཟིགས་སྐྱོང་དངུལ་བྱིན།
2020.11.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་འགོག་མེ་གསོད་ཉེན་སེལ་དམག་དཔུང་ལ་དར་ཆ་གནང་སྐབས་གནང་བའི་སློབ་སྟོན་གྱི་དགོངས་དོན་དང་མཚོ་སྔོན་ཞིང་ཆེན་གྱི་ཐིན་དང་ཅུའུ་བཅུ་བདུན་གྱིས་མཉམ་འབྲེལ་སྒོས་འགྲེམ་སྤེལ་བྱས་པའི་ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་ཉེན་སེལ་དམག་དཔུང་གི་དམག་མིའི་གཟིགས་སྐྱོང་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རུ་ཁག་གིས་ལས་གཉེར་ལས་སྐྲུན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བ། མེ་འགོག་མེ་གསོད་བཀོད་འདོམས་པ་ཡོངས་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པའི་བྱ་བའི་བརྩོན་སེམས་ཆེར་བསྐྱེད་དེ། མེ་འགོག་མེ་གསོད་ལས་རིགས་ཀྱི་མཚན་སྙན་འདུ་ཤེས་དང་སྐྱིད་སྣང་། ཐོབ་ཚོར་མཐོར་འདེགས་གཏོང་བར་ཁག་ཐེག་བྱེད་ཆེད། ཉེ་སྔོན། མཚོ་སྔོན་མེ་འགོག་མེ་གསོད་ཉེན་སེལ་སྤྱིའི་རུ་ཁག་གིས་རང་འགུལ་གྱིས་ཞིང་ཆེན་གྱི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་དང་མཐུན་སྦྱོར་བྱས་ཏེ། 2019ལོར་གསར་དུ་བསྡུ་བའི་སྐོར་ཐེངས་གཉིས་ཀྱི་མེ་འགོག་མེ་གསོད་དམག་མི་བཞི་བརྒྱ་དང་གྱ་གཅིག་ལ་ཁྱིམ་ཚང་གི་གཟིགས་སྐྱོང་དངུལ་བྱིན།

རྒྱུས་ལོན་བྱུང་བ་ལྟར་ན། དམག་མིའི་ཐོབ་ཐང་བསྒྱུར་བའི་ཚུན་དུ། མཚོ་སྔོན་མེ་འགོག་མེ་གསོད་ཉེན་སེལ་སྤྱིའི་དམག་དཔུང་གི་ཏང་ཨུས་མེ་འགོག་མེ་གསོད་དམག་མིའི་གཟིགས་སྐྱོང་བྱ་བར་ཧ་ཅང་མཐོང་ཆེན་བྱས། ཐེངས་འདིར་སྤྱི་ཁྱབ་དམག་དཔུང་གིས་འབད་འཐབ་ལྷོད་མེད་དང་བརྗེ་རེས་མཐུན་སྦྱོར་བརྒྱུད་དེ། ཞིང་ཆེན་གྱི་དམག་ཁོངས་ནས་ཕྱིར་བུད་པའི་ལས་དོན་ཐིན་དང་ནོར་སྲིད་ཐིན་གཉིས་ཀྱིས2019ལོར་ལོ་རེ་བཞིན་གསར་དུ་བསྡུ་བའི་མེ་འགོག་མེ་གསོད་དམག་མི་རེ་རེར་འོས་འགན་དམག་གི་ཚད་གཞི་ལྟར་ཁྱིམ་ཚང་གཟིགས་སྐྱོང་དངུལ་སྟེར་རྒྱུ་ཐག་བཅད་པ་དང་། མི་རེར་ལོ་རེ་ལ་ཧ་ལམ་སྒོར་ཁྲི་གཅིག་སྟེར་རྒྱུ་ཡོད་ལ། ཞིང་ཆེན་ནོར་སྲིད་དང་ཁུལ་དང་གྲོང་ཁྱེར། རྫོང་ནོར་སྲིད་ཀྱིས་སོ་སོར་བརྒྱ་ཆའི་ལྔ་བཅུའི་འགན་ཁུར་ཡོད།

མིག་སྔར། 2019ལོར་གསར་དུ་བསྡུས་པའི་མེ་འགོག་མེ་གསོད་དམག་མི་བཞི་བརྒྱ་དང་གྱ་གཅིག་གི་ཁྱིམ་ཚང་གཟིགས་སྐྱོང་དངུལ་སྟེར་བའི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་པའི་སྒང་ཡིན་ལ། ཟླ་བཅུ་གཅིག་པར་སྟེར་ཚར་བར་བྱེད་རྒྱུ་རེད། དེ་དང་མཉམ་དུ། མཚོ་སྔོན་གྱི་མེ་གསོད་རོགས་སྐྱོར་སྤྱིའི་རུ་ཁག་གིས་མུ་མཐུད་དུ་གཟིགས་སྐྱོང་དངུལ་སྟེར་བའི་བྱ་བར་རྗེས་འདེད་བྱེད་རྒྱུ་ཡིན་པ་མ་ཟད། ས་ཆ་སོ་སོའི་མེ་འགོག་མེ་གསོད་ཉེན་སེལ་སྡེ་ཁག་གིས་དུས་ཐོག་ཏུ་ས་དེའི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་སྡེ་ཁག་དང་སྦྲེལ་མཐུད་བྱས་ནས། ཁྱིམ་ཚང་གཟིགས་སྐྱོང་དངུལ་དུས་ལྟར་དང་ཚད་ལོངས་པའི་སྒོ་ནས་མེ་འགོག་མེ་གསོད་དམག་མིའི་ཁྱིམ་ཚང་དུ་སྟེར་ཐུབ་པར་ཁག་ཐེག་བྱེད་རྒྱུའི་རེ་བ་བཏོན།

ལོ་ཙཱ་བ། རིན་ཆེན་མཚོ།