གསར་འགོད་པས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་རང་ཞིང་གིས་བཀོད་སྒྲིག་བྱས་པའི་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་ལྟ་ཞིབ་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པའི་སྒང་ཡིན་ལ། མིག་སྔར་ལྟ་ཞིབ་ཚན་ཆུང་བཞི་བོ་ཡོངས་རྫོགས་ལྟ་ཞིབ་ལས་ཁུངས་སུ་བཅའ་སྡོད་བྱས་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར། མིག་སྔར། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་ལྟ་ཞིབ་ཚན་ཆུང་གིས། གྲོང་ཁྱེར་དང་ཁུལ་བརྒྱད་དང་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་བཅས་སུ་བཅའ་སྡོད་བྱས་པ་དང་། སྐོར་ཐེངས་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དག་ཐེར་ལེགས་བཅོས་དང་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་བརྟན་བརླིང་ངང་བསྒྲུབ་པ་གཙོ་གནད་དུ་བྱས་ནས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཇེ་བརྟན་དུ་གཏོང་བ་དང་། ལྟ་ཞིབ་ཀྱི་དག་ཐེར་ལེགས་བཅོས་ཀྱི་བྱ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཁོར་ཡུག་ཁེ་དབང་སྲུང་སྐྱོབ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་རྒྱུ་རེད།
ཐེངས་འདིའི་ལྟ་ཞིབ་ཐད་ནས་རིམས་ནད་འགོག་བཅོས་ཀྱི་རྒྱུན་རྣམ་ཅན་གྱི་བྱ་བའི་རེ་བ་ལ་ཟུང་འབྲེལ་བྱེད་པ་དང་། འགན་སྲུང་དྲུག་དང་གཏན་འཇགས་དྲུག་གི་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་རྐང་འཛུགས་པ། གནད་དོན་གྱི་ཁྲིད་ཕྱོགས་དང་གྲུབ་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གནད་དོན་འཚོལ་བ་དང་ངོས་ཟིན་མཐོར་འདེགས་གཏོང་བ། འགན་འཁྲི་ལག་བསྟར་དང་གནད་དོན་ཐག་བཅད་དེ། སྤུས་ཚད་མཐོན་པོས་ལྟ་ཞིབ་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད།
བཀོད་སྒྲིག་ལྟར་ན། ལྟ་ཞིབ་དུས་ཚོད་ཟླ་བཅུ་གཅིག་པའི་ཟླ་སྟོད་ནས་རྒྱུན་མཐུད་ངང་ཟླ་བཅུ་གཉིས་པའི་ཟླ་མགོ་བར་དུ་སྤེལ་རྒྱུ་ཡིན་པ་དང་། བཅའ་སྡོད་བྱས་ནས་ལྟ་ཞིབ་བྱེད་སྐབས། ལྟ་ཞིབ་ཚན་ཆུང་སོ་སོས་དཔྱད་གཞི་ཡིག་ཆ་ཞིབ་ཀློག་བྱེད་པ་དང་ཡུལ་དངོས་ཞིབ་བཤེར་བྱེད་པ། འཚམས་འདྲི་དང་བློ་འདྲི་བྱེད་པ། མང་ཚོགས་ཀྱི་ཕྱིར་བཅར་དང་སྨྱན་བྱད་ཀྱི་ཁྱབ་བསྒྲགས་བྱེད་པ། ཁུངས་སྣེ་བརྒྱུད་སྤྲོད་བྱེད་པ་སོགས་ཀྱི་རྣམ་པ་སྣ་མང་སྤྱད་དེ་བྱ་བ་སྤེལ་རྒྱུ་རེད། ཡུལ་དངོས་ལྟ་ཞིབ་ཐད་ནས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། བྱ་བ་བདེ་བླག་ངང་སྤེལ་བ་དང་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་རྒྱུ་རེད།
ལོ་ཙཱ་བ། རིན་ཆེན་མཚོ།