ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅིའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་སྐབས་གསུམ་པ་ཞིང་ཆེན་ཏང་གི་སློབ་གྲྭ་རུ་བསྡུས།
2020.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 173

ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བསྡུས་པའི་ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅིའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་སྐབས་གསུམ་པ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཡུལ་གཙོ་དང་། གྲོང་གཙོ་བཅས་བསྡོམས་པས་མི་བཞི་བཅུ་གསོ་སྦྱོང་ལ་ཞུགས། གསོ་སྦྱོང་གི་དུས་ཡུན་ཉིན་བཅོ་ལྔ་ཡིན་ལ། ཞིང་ཆེན་ནང་ཁུལ་གྱི་ཉིན་གསུམ་རིང་གི་གསོ་སྦྱོང་མཇུག་རྫོགས་རྗེས། སློབ་མ་ཡོངས་ཧྲན་ཏུང་ཞིང་ཆེན་དབྱི་མིན་ལས་བྱེད་པའི་སློབ་གླིང་དུ་སོང་ནས་དུས་ཡུན་ཉིན་བཅུ་གཉིས་རིང་གི་ཏང་གཤིས་སློབ་གསོ་དང་ཡུལ་ཚོ་དང་གྲོང་རྡལ་འཛུགས་སྐྲུན་ཕྱོགས་ཀྱི་སློབ་སྦྱོང་དང་ལེན་བྱེད་རྒྱུ་རེད།

ཐེངས་འདིའི་གསོ་སྦྱོང་ཐད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རགས་བཤད་དང་ཞིང་སྡེ་དར་སྤེལ་འཐབ་ཇུས་ཀྱི་རྩ་བ་དམ་འཛིན་བྱས་ནས་རོང་འབྲོག་དམངས་ཀྱི་འཚོ་བ་འབྱོར་ཕྱུག་ཏུ་བསྒྱུར་བ། སྤྱི་ཁོག་གི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ། གནས་སྐོར་རིག་གནས་དང་ཞིང་ལས་ཐོན་ལས། ཞིང་སྡེ་སྤྱི་ཚོགས་འགན་སྲུང་དང་རྒན་གསོ། སྡེ་བ་དང་གྲོང་རྡལ་གྱི་འཆར་འགོད་འཛུགས་སྐྲུན་སོགས་སློབ་ཁྲིད་བསླབ་ཚན་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་ཀའོ་ལེན་ཆུང་བའི་སྙིང་སྟོབས་སློབ་གསོ་འགྲེམ་ཁང་དང་མིན་ལང་ཀུའུ་གཡུལ་འགྱེད་རྗེས་དྲན་ཁང་། དབྱི་མིན་དམར་དམག་གི་ཆུང་མའི་རྗེས་དྲན་ཁང་། ཝེ་ཧའེ་གཞི་རིམ་ཏང་འཛུགས་དང་ཞིང་སྡེ་དར་སྤེལ་སོགས་ཡུལ་དངོས་སློབ་ཁྲིད་བྱ་འགུལ་བཀོད་སྒྲིག་བྱས་ཡོད་ལ། དམིགས་འབེན་ནི་ཆེད་དོན་སློབ་ཁྲིད་དང་ཡུལ་དངོས་སློབ་ཁྲིད། བརྙན་རིས་སློབ་ཁྲིད། ཚན་ཆུང་བགོས་ནས་གྲོས་སྡུར་བྱེད་པ་སོགས་ཀྱི་སློབ་ཁྲིད་བྱེད་ཐབས་དང་། དཔེ་གཞི་དབྱེ་ཞིབ་དང་སྣང་ཚུལ་ལད་བཟློས། ལྟ་སྐོར་མྱོང་ཚོར་སོགས་བརྒྱུད་དེ། སློབ་མ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་དུས་རབས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་གོ་གནས། ཚན་རིག་མ་ལག དགོངས་པའི་ངོ་བོ། ལག་ལེན་རེ་བར་རྒྱུས་ལོན་ཡང་དག་བྱེད་པར་སྣེ་ཁྲིད་བྱེད་པ་དང་། སློབ་མའི་གཞུང་ལུགས་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཏང་གཤིས་བློ་སྦྱོང་ཇེ་དྲག་ཏུ་བཏང་སྟེ། ཡུལ་ཚོ་དང་གྲོང་རྡལ་གྱི་འགོ་ཁྲིད་ཀྱིས་འགན་འཁྲི་ལག་བསྟར་བྱེད་པའི་ཕྱོགས་བསྡུས་བྱང་ཚད་དང་དུས་རབས་གསར་བ་དང་མཐུན་པར་བྱེད་པའི་ནུས་པ་མཐོར་འདེགས་བྱེད་རྒྱུ་དེ་རེད།

སློབ་མ་ཚོས། གསོ་སྦྱོང་འཛིན་གྲྭའི་བསླབ་ཚན་བཀོད་སྒྲིག་ཚན་རིག་དང་མཐུན་ལ། སློབ་ཁྲིད་བཀོད་སྒྲིག་ཧ་ཅང་བཟང་བ་དང་གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་ལ། ཚང་མས་གཞུང་ལུགས་ཤེས་བྱ་དང་ཏང་གཤིས་སློབ་གསོ་དང་ལེན་བྱེད་ཐུབ་པ་མ་ཟད། ཆེད་ལས་ཤེས་བྱ་ཁ་གསབ་བྱེད་པ་དང་མིག་རྒྱ་ཆེར་སྐྱེད་ཐུབ་ཟེར། ཚང་མས་ངེས་པར་དུ་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སློབ་སྦྱོང་བྱེད་པ་དང་། གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱས་ནས་བསམ་གཞིགས་གཏོང་བ། སློབ་སྦྱོང་དང་བསམ་གཞིགས་གཏོང་བ། ལག་ལེན་དང་རྒྱུས་ལོན་བྱེད་པའི་ཁྲོད་ནུས་པ་མཐོར་འདེགས་བཏང་སྟེ། ཤེས་པ་དང་ཉམས་ལེན་གཅིག་གྱུར་བྱེད་པའི་ཁྲོད་འགན་འཁྲི་ལག་བསྟར་བཟང་བོ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

ལོ་ཙཱ་བ། རིན་ཆེན་མཚོ།