ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱ་བའི་ཆེད་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་། རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་ཀྱི་ཕྱུགས་ཟོག་བར་གྱི་ཐུམ་འབུའི་ནད་འགོག་བཅོས་མཁྲེགས་གཏོར་གྱི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་ཆེད། ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཟི་ལིང་གྲོང་ཁྱེར་དུ་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་ཀྱི་ཕྱུགས་ཟོག་བར་གྱི་ཐུམ་འབུའི་ནད་འགོག་བཅོས་གྲུབ་འབྲས་ཀྱི་ཕྱོགས་གསུམ་དཔྱད་འཇོག་བྱ་བ་སྤེལ་འགོ་བརྩམས། རྒྱལ་ཁབ་དང་ཞིང་ཆེན་རིམ་པ། གཞི་རིམ་བཅས་ཀྱི་རི་དྭགས་རིམས་འགོག་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ཆེད་མཁས་པ་ཉེར་བཞི་བདམས་ནས་ཕྱོགས་གསུམ་པའི་དཔྱད་འཇོག་གི་ཆེད་མཁས་པའི་ཚན་ཆུང་བཙུགས་ཏེ། སོ་སོར་གྲོང་ཁྱེར་དང་ཁུལ་བརྒྱད་དུ་སོང་ནས་ཡུལ་དངོས་དཔྱད་འཇོག་བྱ་བ་སྤེལ།
2016ལོའི་ཚུན་དུ། རང་ཞིང་གི་ཞིང་ལས་ཞིང་སྡེ་ལས་ཁུངས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཕྱུགས་ཟོག་བར་གྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བ་དེ་ཉིན་རེའི་བྱ་བ་གལ་ཆེན་ཁྲོད་བཞག་པ་དང། འགོ་ཁུངས་ནས་ཚོད་འཛིན་བྱེད་པ་གཙོར་བཟུང་བ་དང་ཁྱི་ལ་དོ་དམ་བྱེད་པ་གནད་འགག་དུ་བྱས་ལ། ཕྱོགས་བསྡུས་བྱེད་ཐབས་འགན་སྲུང་དུ་བྱས་ནས། ད་སྔའི་བར་དུ་གཞི་ཁྱོན་ཆེས་ཆེ་བ་དང་ཁྱབ་ཁོངས་ཆེས་ཆེ་བ། བྱེད་ཐབས་ཆེས་བཟང་བའི་ཐུམ་འབུའི་ནད་འགོ་ཁུངས་ནས་ཚོད་འཛིན་བྱེད་པའི་མཁྲེགས་གཏོར་འགུལ་སྐྱོད་སྤེལ་བ་དང་། ཁུལ་བགོས་ནས་འགོག་བཅོས་བྱེད་པའི་བསམ་ཕྱོགས་ལྟར། ཕྱོགས་བསྡུས་འགོག་བཅོས་ཐབས་ཇུས་སྤྱད་དེ། མཚོ་སྔོན་པོའི་མཐའ་སྐོར་ས་ཁུལ་གྱི་ནོར་ལུག་འགོ་ནད་ཐར་བའི་ཐུམ་འབུའི་ནད་མེད་པའི་ས་ཁུལ་འཛུགས་སྐྲུན་བྱས།
ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་ཀྱི་ཐུམ་འབུའི་ནང་འགོག་བཅོས་ཀྱི་མཇུག་བསྡུ་བའི་ལོ་ཡིན་ལ། ཕྱུགས་ཟོག་བར་གྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བ་དེ་ཐུམ་འབུའི་ནད་འགོག་བཅོས་ཀྱི་འགོ་ཁུངས་དང་རྨང་གཞི་ཡིན་པའི་ཆ་ནས། ནུས་པ་གལ་ཆེན་ལྡན་པ་དང་། ཞིང་ཆེན་ཡོངས་ཀྱི་ཕྱུགས་ཟོག་བར་གྱི་ཐུམ་འབུའི་ནད་ཀྱི་མཇུག་མཐའི་དཔྱད་འཇོག་བྱ་བ་སྤེལ་བར་དོན་སྙིང་གལ་ཆེན་ལྡན། དེར་བརྟེན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཧ་ཅང་མཐོང་ཆེན་བྱས་པ་དང་། ཕྱུགས་ཟོག་བར་གྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་དཔྱད་འཇོག་འགོ་ཁྲིད་ཚན་ཆུང་བཙུགས་ལ། མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ཟོག་བར་གྱི་ཐུམ་འབུའི་ནད་འགོག་བཅོས་ཀྱི་མཇུག་མཐའི་དཔྱད་འཇོག་ཇུས་གཞི་ལ་ཞིབ་འཇུག་དང་གཏན་འབེབས་བྱས།
ལོ་ཙཱ་བ། རིན་ཆེན་མཚོ།