ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན་གྱིས་རྩ་ཁྲིམས་གྲོང་གསེབ་ཏུ་ཁྱབ་སྤེལ་བྱེད་ཅེས་པའི་བརྗོད་དོན་བྱེད་སྒོ་སྤེལ།
2020.12.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བདུན་པ་སླེབས་ལ་ཉེ་བའི་སྐབས་ཀྱི། ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན་གྱིས་ཞིང་ཆེན་ཁྲིམས་འཛིན་ཐིན་དང་། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཧུའུ་ཀྲུའུ་རྫོང་བཅས་དང་མཉམ་འབྲེལ་བྱས་ནས། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྥུན་གྲོང་རྡལ་ཁྲེན་ཅ་ཐའེ་གྲོང་ཚོ་རུ། རྩ་ཁྲིམས་ཀྱི་བརྗོད་དོན་དམ་པོར་འཛིན་པ་དང་ཁྲིམས་སྐྱོང་དམངས་ཕན་གླུ་དབྱངས་མཉམ་ལེན་བྱེད་ཅེས་པ་དང་། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཅེས་པ་བརྗོད་གཞིར་བྱས་པའི་རྩ་ཁྲིམས་གྲོང་གསེབ་ཏུ་ཁྱབ་སྤེལ་བྱེད་པའི་བྱ་འགུལ་སྤེལ་བ་དང། དེའི་དམིགས་ཡུལ་ནི་རྩ་ཁྲིམས་ཀྱི་ཤེས་བྱ་མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་སྤེལ་བྱེད་རྒྱུའི་ཆེད་རེད།

ད་ཐེངས་ཀྱི་རྩ་ཁྲིམས་གྲོང་གསེབ་ཏུ་ཁྱབ་སྤེལ་བྱེད་པའི་བྱ་འགུལ་གྱིས་དུས་རིམ་གསར་པའི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་ཁྲིམས་སྐྱོང་དགོས་མཁོ་དང་ཞིང་པ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཆེས་གླེང་ཐེངས་མང་བའི་གནད་དོན་དང་ཟུང་འབྲེལ་བྱས་ནས། “ཞིང་གསུམ”ལས་ཀའི་དོན་དངོས་གཞིར་བཟུང་སྟེ། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་བཅས་རིམ་པ་བཞིའི་མཉམ་འགུལ་ལ་བརྟེན་ནས། བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུ་དེ་ཕྱོགས་བསྡུས་ཁྲིམས་འཛིན་དང་དོ་དམ་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས།

ལོ་ཙཱ་བ། བན་དེ་སྐྱབས།