ཆི་ལེན་རྫོང་གིས“བགོ་ཐབས་ལྔ”སྤྱད་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་བགོ་བཤའ་བྱེད་སྟངས་ཚད་ལྡན་དུ་བཏང་།
2020.12.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ད་ལོར་མཚོ་བྱང་ཁུལ་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་ཧུར་ཐག་སྒོས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་བགོ་བཤའ་བྱེད་སྟངས་ཐད“བགོ་ཐབས་ལྔ”དངོས་སུ་ལག་བསྟར་བྱས་པ་དང་། ཡོང་འབབ་བགོ་བཤའི་དོ་དམ་ལེགས་བསྒྱུར་བྱས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་བདེ་ལེགས་བབ་བསྟུན་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་ཏེ། རོང་འབྲོག་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཞབས་ཞུའི་ནུས་པ་དང་གོང་བུར་འགྲིལ་ཤུགས་རྒྱུན་མ་ཆད་པར་ཤུགས་ཇེ་ཆེར་བཏང་། ད་ལྟའི་བར་དུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གི་སྡེ་བ་ཞེ་ལྔའི་ཐུན་མོང་དཔལ་འབྱོར་ཚང་མའི་ཡོང་འབབ་སྒོར་འབུམ་གཅིག་ལས་བརྒལ་བ་དང་།ཁེ་སྤོགས་སྒོར་བྱེ་བ་གཅིག་དང་ཁྲི་གསུམ་སྟོང་བརྒྱད་བདུན་བརྒྱ་བླངས།

“བགོ་ཐབས་ལྔ”ནི་ཐོན་ལས་འཕེལ་རྒྱས་དང་སྤྱི་པའི་དམངས་ཚིས། སྤྱི་ཕན་ལས་དོན། སྡེ་མིའི་ཡོང་འབབ། སྡེ་བའི་ལས་བྱེད་པའི་ཁ་གསབ་རོགས་དངུལ་བཅས་ཡིན། ཆི་ལེན་རྫོང་གིས་སྡེ་བའི་ཐུན་མོང་རྩ་འཛུགས་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་བླངས་པའི་ཡོང་འབབ་ཀྱི་བརྒྱ་ཆའི་བཞི་བཅུ་སྡེ་བའི་ཐུན་མོང་ཀྱི་དཔལ་འབྱོར་གྱི་རྗེས་མཐུད་ཐོན་ལས་རྒྱ་བསྐྱེད་དེ་ཡང་བསྐྱར་ཐོན་སྐྱེད་བྱེད་པར་བཀོལ། ལྷག་པར་རོང་འབྲོག་མང་ཚོགས་རྒྱ་ཁྱབ་ཏུ་ཟབ་ཞུགས་བྱེད་པ་དང་སྐུལ་ཁྲིད་ཀྱི་ནུས་པ་ཆེ་བའི་རྣམ་གྲངས་ལ་དམིགས་བསལ་དུ་འགྲོ་སོང་བཏང་ནས།  སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཐོན་ལས་འཕེལ་རྒྱས་ཆེན་པོ་འགྲོ་བར་ཁག་ཐེག་བྱས་ལ། ཡོང་འབབ་ཀྱི་བརྒྱ་ཆའི་ཉི་ཤུ་ལོ་དེའི་སྡེ་མིའི་ཡོང་འབབ་བྱས་ནས་རོང་འབྲོག་མང་ཚོགས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཡོང་འབབ་ལོངས་སུ་སྤྱོད་དུ་བཅུག བརྒྱ་ཆའི་བཅོ་ལྔ་རོང་འབྲོག་མང་ཚོགས་ཀྱིས་མཉམ་ལས་སྨན་བཅོས་རིན་སྤྲོད་པ་དང་། དཔལ་འབྱོར་དཀའ་ངལ་ཅན་གྱི་ཁྱིམ་ཚང་གི་སློབ་མར་རོགས་སྐྱོར་བྱེད་པ། དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པ་སོགས་སུ་བཀོལ། བརྒྱ་ཆའི་བཅོ་ལྔ་སྡེ་བའི་ལམ་བདག་སྐྱོང་དང་རིག་གནས་བྱེད་སྒོ། གད་སྙིགས་གཙང་དག དཀའ་ངལ་ཅན་གྱི་ཚོགས་པར་གཅེས་སྐྱོང་བྱེད་པ་སོགས་ཀྱི་སྤྱི་ཕན་ལས་དོན་ཐད་བཀོལ།  བརྒྱ་ཆའི་བཅུ་གྲོང་ཚོའི་ལས་བྱེད་པའི་ཁ་གསབ་རོགས་དངུལ་དུ་བཀོལ་ནས་གྲོང་ཚོའི་ལས་བྱེད་པས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འབད་བརྩོན་དང་རང་འགུལ། གསར་གཏོད་བཅས་ཀྱི་འདུན་པ་ཆེ་རུ་བསྐྱེད།

                                                                                                                     ལོ་ཙཱ་བ། མི་ཕམ་མགོན་པོ།