རང་ཞིང་གིས་ནུས་ཁུངས་གསར་པའི་གློག་འདོན་ཚད་སྟོང་ཝ་ཁྲི་བྱེ་བ་གཅིག་ལས་བརྒལ།
2020.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། ཅང་མ་འགོར་བའི་སྔོན་ལ། རང་ཞིང་གི་ནུས་ཁུངས་གསར་པའི་གློག་འདོན་ཚད་སྟོང་ཝ་ས་ཡ་དགུ་དང་འབུམ་དགུ་ཁྲི་གསུམ་ལ་སླེབས་ཡོད་ཅིང་། སྐབས་ཐོག་དེའི་གློག་དྲ་ཡོངས་ཀྱི་གློག་བཀོལ་ཚད་ཀྱི་བརྒྱ་ཆའི་བརྒྱ་དང་དྲུག་ཟིན་ཡོད། མཚོ་སྔོན་གློག་དྲས་ནུས་ཁུངས་གསར་པའི་བྱེད་ནུས་འདོན་ཚད་དང་གློག་གཏོང་ཚད་གཉིས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད་ལ།  དེ་ནི་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན་མཚོ་སྔོན་གློག་དྲའི་གློག་བཀོལ་ཚད་ཐོག་མར་སྟོང་ཝ་བྱེ་བ་གཅིག་ལས་བརྒལ་ནས། སྟོང་ཝ་བྱེ་བ་རིམ་པའི་གློག་དྲའི་གྲལ་དུ་སླེབས་རྗེས་ཡང་བསྐྱར་བསྐྲུན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་རེད།

ཟླ་བཅུ་པའི་ཟླ་མཇུག་བར། རིམ་རྩིས་བྱས་ན་དྲ་རྒྱ་ཡོངས་ཀྱི་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་ཐེར་ཆེན་བདུན་དང་ཐེར་འབུམ་དགུ་དུང་ཕྱུར་གཉིས་བྱེ་བ་གཅིག་ས་ཡ་དགུ་ལ་སླེབས་ནས་དུས་མཉམ་ལས་བརྒྱ་ཆའི་བདུན་དང་གྲངས་ཆུང་གཅིག་ལྔ་འཕར་ཡོད།  དྲ་རྒྱ་ཡོངས་ཀྱི་གློག་བཀོལ་ཚད་སྟོང་ཝ་ཆུ་ཚོད་ཐེར་ཆེན་དྲུག་དང་དུང་ཕྱུར་བཞི་བྱེ་བ་བཞི་ལ་སླེབས་ནས་དུས་མཉམ་ལས་བརྒྱ་ཆའི་གཉིས་དང་གྲངས་ཆུང་དྲུག་བདུན་འཕར། གློག་ཕྱིར་བསྐྱལ་ཚད་སྟོང་ཝ་ཆུ་ཚོད་ཐེར་ཆེན་གཅིག་དང་ཐེར་འབུམ་བརྒྱད་དུང་ཕྱུར་བདུན་བྱེ་བ་བརྒྱད་ས་ཡ་གཅིག་ལ་སླེབས་ཡོད། གློག་ཤུགས་ནི་ཆེས་གལ་འགངས་ཆེ་བའི་རྨང་གཞིའི་སྒྲིག་ཆས་ཤིག་ཡིན་ལ།  གློག་འདོན་ཚད་དང་གློག་བཀོལ་ཚད་ཀྱི་ཐོག་ནས་རང་རེའི་ཞིང་ཆེན་གྱི་ནུས་ཁུངས་གསར་པའི་འཕེལ་རྒྱས་ཀྱི་ཆུ་ཚད་དང་། བཟོ་ལས་ཁེ་ལས་དང་སྤྱིར་བཏང་བཟོ་ཚོང་ལས་རིགས་སོགས་དཔལ་འབྱོར་ལས་སྒོའི་གནས་ཚུལ་ཐད་ཀར་དུ་མངོན་ཐུབ། ཉེ་བའི་ལོ་འདི་དག་གི་རིང་ལ། རང་ཞིང་གི་ནུས་ཁུངས་གསར་པས་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཡོད་པ་དང་གློག་འདོན་ཚད་རྒྱུན་ཆད་མེད་པར་མགྱོགས་མྱུར་ངང་འཕར་ཡོད། ད་ལོར་ཞིང་ཆེན་ནུས་ཁུངས་སྡེ་ཁག་གིས་གློག་ཤུགས་ཁེ་ལས་དང་མཐུན་སྦྱོར་བྱས་ཏེ་གློག་རིན་གཅོག་པའི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ཏེ། དེ་བསྟུན་གྱི་བྱེད་ཐབས་བཏོན་ནས་ཁེ་ལས་ཀྱིས་གློག་བཀོལ་བའི་འགྲོ་སོང་ཇེ་ཉུང་དུ་བཏང་ཡོད། 

ལོ་ཙཱ་བ། བན་དེ་སྐྱབས།