ཞིང་ཆེན་ཡོངས་སུ་བསྡོམས་པས་འགྲུལ་སྐྱེལ་ས་ཚིགས་དགུ་བརྒྱ་ང་གསུམ་བསྐྲུན་ཡོད།
2020.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 57

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། རང་ཞིང་གིས་གཞུང་ལམ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་གོམ་སྟབས་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་བཏང་ནས། གཞུང་ལམ་གྱི་ལག་རྩལ་རིམ་པ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་བར་མ་ཟད། ཞིང་ཆེན་ཡོངས་ཀྱི་འགྲུལ་བ་དང་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་ཆེན་པོ་བཏང་བས། བགྲོད་ལམ་སྐྱེལ་འདྲེན་ཞབས་ཞུའི་འགན་ལེན་ནུས་པ་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་ཟི་ལིང་དུ་རིམ་པ་དང་པོའི་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ལྔ་དང་། གྲོང་ཁྱེར་དང་ཁུལ་སྲིད་གཞུང་གནས་ཡུལ་དུ་རིམ་པ་དང་པོའི་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་གཅིག་རེ། ཤར་རྒྱུད་ཀྱི་རྫོང་དང་གྲོང་ཁྱེར་སྲིད་གཞུང་གནས་ཡུལ་དུ་ཉུང་མཐར་ཡང་རིམ་པ་གསུམ་པ་ཡན་གྱི་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་གཅིག་རེ།  གཙོ་གནད་དུ་གྱུར་བའི་ཡུལ་ཚོ་དང་གྲོང་རྡལ་སྲིད་གཞུང་གནས་ཡུལ་དུ་རིམ་དབྱེའི་རླངས་འཁོར་འགྲུལ་སྐྱེལ་ཞབས་ཞུའི་ས་ཚིགས་ཡོད་པ། གཙོ་གནད་སྡེ་བ་དང་གྲོང་རྡལ་དང་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ལམ་རྒྱུད་དུ་རླངས་འཁོར་ལ་སྒུག་སའི་ས་ཚིགས་བཅས་ཡོད་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགྲིམ་འགྲུལ་ཆ་རྐྱེན་མངོན་གསལ་སྒོས་ཇེ་ལེགས་སུ་བཏང་ཡོད། དེ་མིན་ད་དུང་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་གསར་སྐྲུན་དང་བསྐྱར་སྐྲུན། རིམ་སྤོར་སྒྱུར་བཀོད་སོགས་ཀྱི་བྱེད་ཐབས་སྤྱད་དེ།  བསྡོམས་རྩིས་བྱས་ན་ཞིང་ཆེན་ཡོངས་ནས་རིམ་པ་གསུམ་པ་ཡན་གྱི་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་སོ་ལྔ་དང་། སྤྱི་སྤྱོད་རླངས་འཁོར་གྱི་ལྟེ་གནད་ས་ཚིགས་བཞི། ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་དང་དེ་བཞིན་སྤྱི་སྤྱོད་རླངས་འཁོར་གྱི་མཇུག་མཐའི་ས་ཚིགས་བཅུ་གཉིས་བཅས་བསྐྲུན་རྒྱུ་བཀོད་སྒྲིག་བྱས། མིག་སྔའི་བར་ཞིང་ཆེན་ཡོངས་སུ་བསྡོམས་རྩིས་བྱས་ན་ཁྱོན་བསྡོམས་འགྲུལ་སྐྱེལ་ས་ཚིགས་དགུ་བརྒྱ་ང་གསུམ་བསྐྲུན་ཡོད་པའི་ནང་དུ། རིམ་པ་དང་པོའི་འགྲུལ་སྐྱེལ་ས་ཚིགས་བཅུ་གསུམ་དང་། རིམ་པ་གཉིས་པའི་འགྲུལ་སྐྱེལ་ས་ཚིགས་བཅུ་དྲུག རིམ་པ་གསུམ་པའི་འགྲུལ་སྐྱེལ་ས་ཚིགས་ཉེར་བདུན། རིམ་པ་བཞི་པའི་འགྲུལ་སྐྱེལ་ས་ཚིགས་ཉིས་བརྒྱ་རེ་གཉིས། སྤྱི་སྤྱོད་རླངས་འཁོར་ལ་སྒུག་སའི་ས་ཚིགས་དྲུག་བརྒྱ་སོ་ལྔ་བཅས་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།