ཞིང་ཆེན་སྲིད་གྲོས་ཀྱིས་གྲོས་མོལ་གྲུབ་འབྲས་གལ་ཆེན་སྤྱི་ཚོགས་ལ་གསལ་བསྒྲགས་བྱེད་པའི་ལམ་ལུགས་བཙུགས།
2020.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

གྲོས་མོལ་གྲུབ་འབྲས་གལ་ཆེན་སྤྱི་ཚོགས་ལ་གསལ་བསྒྲགས་བྱེད་པ་དང་། བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་གྲུབ་འབྲས་སྔར་ལས་ཇེ་དྲག་ཏུ་གཏོང་ཆེད། ཉེ་སྔོན་བསྡུས་པའི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཞེ་བདུན་པའི་སྟེང་གྲོས་ཞིབ་བྱས་ནས་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་མོལ་གྲུབ་འབྲས་གལ་ཆེན་སྤྱི་ཚོགས་ལ་གསལ་བསྒྲགས་བྱེད་པའི་གནས་སྐབས་ཀྱི་བྱེད་ཐབས་ལ་གྲོས་འཆམ་བྱུང་། དེ་ནི་ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་། ལམ་ལུགས་འཛུགས་སྐྲུན་བརྒྱུད་དེ་སྲིད་གྲོས་ཀྱི་འགན་སྒྲུབ་ཀྱི་ཕན་འབྲས་ཇེ་དྲག་ཏུ་གཏོང་བའི་གསར་གཏོད་ཀྱི་བྱེད་ཐབས་རེད།

བྱེད་ཐབས་ལས་བསྟན་དོན། གྲོས་མོལ་གྲུབ་འབྲས་གལ་ཆེན་སྤྱི་ཚོགས་ལ་གསལ་བསྒྲགས་བྱེད་པ་ནི། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་ལན་འདེབས་པ་དང་། གྲོས་མོལ་གྲུབ་འབྲས་སྔར་ལས་བཟང་བོར་བསྒྱུར་བ་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཐུན་མོང་གི་ལྟ་བ་བརྒྱུད་བསྒྲགས་བྱེད་པའི་ཕན་ཡོད་བྱེད་ཐབས་ཡིན་ལ། སྲིད་གྲོས་ཀྱིས་གྲོས་མོལ་ནུས་པ་འཛུགས་སྐྲུན་བྱེད་པར་སྔར་ལས་ཤུགས་སྣོན་པ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར། བྱེད་ཐབས་ནང་སྤྱི་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་སེམས་ཁུར་བྱེད་པར་དམིགས་ནས། དུས་ཐོག་ཏུ་རང་འགུལ་གྱིས་གྲོས་མོལ་གྲུབ་འབྲས་གལ་ཆེན་གསལ་བསྒྲགས་བྱེད་པ་དང་། གསལ་བསྒྲགས་བྱེད་པར་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་གྲུབ་འབྲས་ལ་དོ་སྣང་བྱེད་དགོས། ཁྲིམས་སྲོལ་ལྟར་བྱ་བ་བསྒྲུབ་པ་རྒྱུན་འཁྱོངས་བྱེད་པ་དང་། བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། རང་འགུལ་གྱིས་སྤྱི་ཚོགས་ལྟ་སྐུལ་དང་ལེན་བྱེད་དགོས། བབ་བསྟུན་མདུན་སྐྱོད་བྱེད་པ་དང་། མཉམ་འབྲེལ་དྲ་རྒྱའི་བརྒྱུད་བསྒྲགས་བྱེད་ཐབས་སྤྱད་དེ་བྱ་བ་སྤེལ་ནས། ཕན་འབྲས་དང་གྲུབ་འབྲས་བརྩོན་ལེན་བྱེད་དགོས་ཞེས་གསལ་བོར་བསྟན་ཡོད།

བྱེད་ཐབས་ནང་གསལ་བོར་བསྟན་དོན། གསལ་བསྒྲགས་ཀྱི་ནང་དོན་གཙོ་བོ་ནི་ཞིང་ཆེན་སྲིད་གྲོས་ཀྱི་ལོ་ཧྲིལ་བོའི་གྲོས་མོལ་འཆར་གཞིའི་ནང་བཞག་པའི་ཚང་འཛོམས་གྲོས་ཚོགས་དང་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་གྲོས་ཚོགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཐུན་མོང་ལྟ་ཞིབ། ཟླ་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ། ཆེད་དོན་གྲོས་མོལ་གྲོས་ཚོགས་དང་གྲོས་གཞི་སྒྲུབ་པའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་སོགས་གྲོས་མོལ་སྲིད་གླེང་བྱ་འགུལ་གཙོ་བོའི་གནས་ཚུལ་ཡིན་ལ། གཙོ་བོར་ཞིང་ཆེན་སྲིད་གྲོས་ཀྱི་ལོ་ཧྲིལ་བོའི་གྲོས་མོལ་གྲོས་གཞི་གཙོ་བོ་ཁྲོད་ཀྱི་གྲོས་མོལ་གྲུབ་འབྲས་དེ་ཏང་ཨུ་དང་སྲིད་གཞུང་གིས་བསྡུ་ལེན་བྱས་པ་དང་། བསྒྱུར་བ་དང་ལག་བསྟར་བྱས་པའི་གནས་ཚུལ་གསལ་བསྒྲགས་བྱེད་དགོས་ཟེར།

བྱེད་ཐབས་ཀྱིས་གྲོས་མོལ་གྲུབ་འབྲས་གལ་ཆེན་གསལ་བསྒྲགས་ཀྱི་རྩ་འཛུགས་འགོ་ཁྲིད་བྱ་བའི་ཐད་ནས་བཀོད་སྒྲིག་གསལ་བོ་བྱས་པ་དང་། གསལ་བསྒྲགས་ཀྱི་རྣམ་པ་གཙོ་བོ་གཏན་ཁེལ་གསལ་བོ་བྱས་པར་མ་ཟད་གསལ་བསྒྲགས་བརྒྱུད་རིམ་ཐད་ནས་གཏན་ཁེལ་གསལ་བོ་བྱས་ཡོད།

ལོ་ཙཱ་བ། རིན་ཆེན་མཚོ།