སྤྱི་ཚོགས་ལས་རིགས་སོ་སོ་བུད་མེད་དང་བྱིས་པའི་སྲུང་སྐྱོབ་ཁྲོད་ཞུགས་པར་སྐུལ་འདེད་གཏོང་ཆེད་རང་ཞིང་གིས་ཐུན་མོང་དང་མི་སྒེར་སྐོར་ཞིག་ལ་གཟེངས་བསྟོད་བྱས།
2020.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཉེ་ལམ། སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་དྲང་ཕྱོགས་ཀྱི་ནུས་པ་དར་སྤེལ་གཏོང་བ། སྤྱི་ཚོགས་ལས་རིགས་སོ་སོ་བུད་མེད་དང་བྱིས་པའི་སྲུང་སྐྱོབ་བྱ་བའི་ཁྲོད་ཞུགས་པར་སྣེ་ཁྲིད་དང་སྐུལ་སློང་བྱེད་ཆེད། རང་ཞིང་གིས་ལས་ཁུངས་སུམ་ཅུ་ལ་ཞིང་ཆེན་ཡོངས་ཀྱི་བུད་མེད་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་སྔོན་ཐོན་ཐུན་མོང་གི་མཚན་སྙན་གནང་བ་དང་། མི་སྒེར་སུམ་ཅུ་ལ་ཞིང་ཆེན་ཡོངས་ཀྱི་བུད་མེད་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་གནང་།

སྔོན་ཐོན་འཐུས་ཚབ་དེ་དག་གཙོ་བོ་གཞི་རིམ་སྤྱི་བདེ་དང་ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན། སློབ་གསོ་སོགས་སྡེ་ཁག་དང་། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པ་ནས་ཡོང་བ་ཡིན་ལ། ཁོ་ཚོས་བྱས་རྗེས་འཇོག་པ་དང་ཁག་ཁུར་བྱེད་ཕོད་ལ། འབད་བརྩོན་ལྷོད་མེད་དང་སེམས་ཤུགས་གཅིག་སྒྲིལ་གྱི་སྒོ་ནས་བུད་མེད་བྱིས་པར་ཞབས་འདེགས་ཞུས་ནས། ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བུད་མེད་བྱིས་པའི་ཁྲིམས་འཛིན་ཁེ་དབང་ལ་འགན་སྲུང་བྱེད་པ་བཅས་ཀྱི་ཐད་འབུར་ཐོན་བྱས་རྗེས་བཞག

དེའི་ཁྲོད། ཟི་ལིང་གྲོང་ཁྱེར་གྱི་ཐུན་མོང་བཞི་དང་མི་སྒེར་ལྔ་ལ་མཚོ་སྔོན་ཞིང་ཆེན་བུད་མེད་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་དྲ་རྒྱ་སྔར་ལས་འཐུས་ཚང་དུ་བཏང་བ་དང་། བཅའ་ཁྲིམས་བློ་འདྲི་དང་སེམས་ཁམས་སྣེ་ཁྲིད། ཁྱིམ་དོན་བར་འདུམ་དང་བཅའ་ཁྲིམས་རོགས་སྐྱོར་སོགས་ཚིགས་གཅིག་རང་བཞིན་གྱི་ཁེ་དབང་སྲུང་སྐྱོབ་ཞབས་ཞུ་དྲ་རྒྱ་བཙུགས་ལ། ཁྲིམས་སྲོལ་ལྟར་བུད་མེད་དང་བྱིས་པ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ཁོར་ཡུག་བཟང་བོ་བསྐྲུན། ཁྲིམས་འཛིན་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་འགན་ནུས་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་ཆེན་ཁྲིམས་འཛིན་ཐིན་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་ད་དུང་མཉམ་དུ་མཉམ་ལས་ལ་ཤུགས་བསྣན་ནས་བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་སྐོར་གྱི་རྐྱེན་སྲོལ་འཛུགས་དགོས་ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་ནས། བུད་མེད་བྱིས་པའི་ཁེ་དབང་གི་ཕྱོགས་བསྡུས་ཁྲིམས་མཐུན་སྲུང་སྐྱོབ་ལ་ཤུགས་བསྣན།

ལོ་ཙཱ་བ། རིན་ཆེན་མཚོ།