རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་སྤུས་ཚད་འཐེན་ཞིབ་བྱ་བ་ཁྱོན་ཡོངས་ནས་སྤེལ།
2020.12.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

གསར་འགོད་པས་ཞིང་ཆེན་བསྡོམས་རྩིས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་ཉི་ཤུའི་ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་མི་གྲངས་ཁྱབ་བཤེར་གཞུང་སྒྲུབ་ཁང་སྤུས་ཚད་འཐེན་ཞིབ་ཚན་ཆུང་གིས་རང་ཞིང་ནས་རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་སྤུས་ཚད་འཐེན་ཞིབ་བྱ་བ་སྤེལ་རྒྱུ་རེད། སྤུས་ཚད་འཐེན་ཞིབ་དེ་ཁྱབ་བཤེར་བྱ་བའི་གྲུབ་ཆ་གལ་ཆེན་ཡིན་པའི་ཆ་ནས། ཁྱབ་བཤེར་ཐོ་འགོད་རྗེས་སུ་སྤེལ་བའི་རང་རྐྱ་འཕེར་བའི་བརྟག་བཤེར་ཐེངས་གཅིག་ཡིན་ལ། དེའི་དམིགས་འབེན་ནི་མི་གྲངས་ཁྱབ་བཤེར་ཐོ་འགོད་ཀྱི་སྤུས་ཚད་ལ་གདེང་འཇོག་བྱེད་རྒྱུ་དེ་ཡིན།

མིག་སྔར། རང་ཞིང་གི་རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པས་བདེ་བླག་ངང་ཁྱིམ་བསྐྱོད་ཐོ་འགོད་བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱས། མི་གྲངས་ཁྱབ་བཤེར་གྱི་རྒྱུགས་ལན་མ་སྤྲད་གོང་དུ། སྤུས་ཚད་འཐེན་ཞིབ་བྱེད་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན། མི་གྲངས་ཁྱབ་བཤེར་གྱི་སྤུས་ཚད་འཐེན་ཞིབ་ཀྱིས་ཁྱིམ་ཚང་སྐོར་ཞིག་ལ་འཐེན་ཞིབ་བྱས་པ་བརྒྱུད་དེ། ཁྱབ་བཤེར་ཐོ་འགོད་ཁྲོད་བྱུང་བའི་མི་གྲངས་དང་དམིགས་ཚད་གཙོ་བོའི་ནོར་འཆུག་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་གཞི་གྲངས་ཀྱི་སྤུས་ཚད་ལ་གདེང་འཇོག་བྱས་ནས། ཁྱབ་བཤེར་གྲུབ་འབྲས་ལུགས་མཐུན་བཀོལ་སྤྱོད་བྱེད་པའི་ཐད་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱས།

ཐེངས་འདིའི་སྤུས་ཚད་འཐེན་ཞིབ་ཀྱིས་རྒྱལ་ཡོངས་ནས་བསྡོམས་པས་རྫོང་བརྒྱ་དང་ཞེ་གཅིག་གི་ཁྱབ་བཤེར་གཞིས་ཁུལ་བཞི་བརྒྱ་དང་དྲུག་དང་། ཁྱིམ་ཚང་ཁྲི་གསུམ་དང་སྟོང་གཉིས། མི་འབུམ་གཅིག་འཐེན་སྐོང་བྱས། རང་ཞིང་གིས་བསྡོམས་པས་རྫོང་གསུམ་གྱི་ཁྱབ་བཤེར་གཞིས་ཁུལ་དྲུག་ལ་འཐེན་ཞིབ་བྱས། འཐེན་ཞིབ་རྣམ་གྲངས་ཁྲོད་ཀྱི་ཁྱིམ་ཚང་ལྟར་རེའུ་མིག་བཀོད་པའི་རྣམ་གྲངས་ཁྲོད་ཁྱིམ་ཚང་གི་གནས་ཚུལ་དང་། ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་ཁྱིམ་ཚང་དུ་དེ་རུ་སྡོད་པའི་མི་གྲངས་བཅས་འདུ། མི་གྲངས་ལྟར་རེའུ་མིག་བཀོད་པའི་རྣམ་གྲངས་ཁྲོད་མིང་དང་སྤྱི་དམངས་ཀྱི་ཐོབ་ཐང་འཛིན་ཡིག་གི་ཨང་རྟགས། ཕོ་མོའི་དབྱེ་བ། མི་རིགས། ཁྱབ་བཤེར་སྐབས་ཀྱི་སྡོད་གནས། སློབ་གསོ་ཐོབ་པའི་ཆུ་ཚད་སོགས་འདུ།

ལོ་ཙཱ་བ། རིན་ཆེན་མཚོ།