མཚོ་ནུབ་ཀྱིས་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ཞན་ཆ་ཁ་གསབ་བྱས།
2020.12.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཉེ་ལམ། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ནས་རྒྱུན་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཚུན་དུ། མཚོ་ནུབ་ཁུལ་གྱིས་རྩ་བ་གཅིག་དང་གཙོ་གནད་གཅིག་ལ་དམིགས་ནས། ལེགས་བསྒྱུར་གཅིག་དང་མཐོར་འདེགས་གསུམ། ཐོད་བརྒལ་བཞི་བཟང་བོར་བསྒྲུབ་པའི་སྤྱིའི་རེ་བ་ལྟར། སློབ་གསོ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ཞན་ཆ་ཁ་གསབ་བྱས། 2019ལོའི་ཁུལ་ཡོངས་སློབ་སྔོན་སློབ་གསོའི་སློབ་ཞུགས་ཀྱི་ཚད་བརྒྱ་ཆའི་བརྒྱ་དང་བཅུ་གཅིག་ལྷག་ལ་སླེབས་པ་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་གྱི་ཚད་བརྒྱ་ཆའི་གོ་དྲུག་ལྷག་ལ་སླེབས་ལ། མཐོ་འབྲིང་དུས་རིམ་གྱི་སློབ་ཞུགས་ཀྱི་ཚད་བརྒྱ་ཆའི་གོ་བརྒྱད་དང་གྲངས་ཆུང་དྲུག་གཉིས་ལ་སླེབས་པ་དང་། དེ2015ལོ་དང་བསྡུར་ན་སོ་སོར་བརྒྱ་ཆའི་ཉེར་བཞི་ལྷག་དང་བརྒྱ་ཆའི་ཉེར་བཞི་ལྷག བརྒྱ་ཆའི་གསུམ་དང་གྲངས་ཆུང་གཅིག་ལྷག་བཅས་ལ་ཇེ་མཐོར་སོང་ཡོད།

ལོ་ལྔའི་ནང་། མཚོ་ནུབ་ཁུལ་གྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཉིས་བཏང་ནས། རིམ་པ་སོ་སོའི་རིགས་མི་འདྲ་བའི་སློབ་གསོའི་ལས་གཞི་རེ་ལྔ་ལག་བསྟར་བྱས་པ་དང་། སློབ་གྲྭ་དང་བྱིས་གཉོར་ཁང་བདུན་གསར་དུ་ལས་ལ། སློབ་གྲྭ་དོན་གསུམ་ལ་སློབ་གསོ་སྒྲིག་ཆས་འབུམ་ལྔ་དང་ཁྲི་གསུམ་སྡེབས་སྒྲིག་བྱས། དུས་རིམ་སོ་སོའི་སློབ་གསོའི་དབུལ་ཕོངས་སློབ་མའི་ཐོ་འགོད་དང་ཡིག་ཚགས་དང་བྱང་བུ་ལས་པའི་བྱ་བ་ཡོངས་འགྲུབ་བྱས་པ་དང་། གནད་ཕིགས་དབུལ་སྐྱོར་གྱི་ཁ་གཏད་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་ལ། དབུལ་ཕོངས་སློབ་མར་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་ལྔ་བཏང་ནས། སློབ་མ་འབུམ་གཅིག་དང་ཁྲི་གསུམ་སྟོང་གཅིག་དགུ་བརྒྱུ་ཉེར་ལྔར་ཕན་བཏགས། མཚོ་ནུབ་ཁུལ་གྱི་མཉམ་འབྲེལ་དྲ་རྒྱ་དང་སློབ་གསོ་མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་གཏོང་བའི་ལོ་བཞིའི་འགུལ་སྐྱོད་འཆར་འགོད་ལྟར། སྒོར་བྱེ་བ་གཅིག་དང་འབུམ་བདུན་གྱི་བོད་འབྲེལ་ས་ཁུལ་གྱི་སློབ་གསོ་ཆ་འཕྲིན་ཅན་གྱི་ལས་གཞི་ལག་བསྟར་བྱས་པ་དང་། ཁུལ་དང་རྫོང་། སློབ་གྲྭ འཛིན་གྲྭ་བཅས་རིམ་པ་བཞི་བའི་སློབ་གསོའི་སྤྲིན་སྟེགས་བུ་སྟོང་གཉིས་དང་ཉིས་བརྒྱ་གོ་བརྒྱད་བཙུགས་ལ། སློབ་མ་དང་ཁྱིམ་བདག དགེ་རྒན་གྱི་བར་སྟོང་འབུམ་གཅིག་དང་ཁྲི་གསུམ་སྟོང་བརྒྱད་བཙུགས།

དེ་ལས་གཞན། ལོ་ལྔའི་ནང་། མཚོ་ནུབ་ཁུལ་གྱིས་ཕྱོགས་ཡོངས་དང་རིམ་པ་མང་པོ། ཁ་གཏད་པའི་སློབ་གསོ་རོགས་སྐྱོར་རྐྱེན་སྲོལ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སློབ་གསོའི་ཁ་གཏད་རོགས་སྐྱོང་ཁྱོན་ཡོངས་ལ་ཁེབས་པར་བྱས་པ་དང་། མཚོ་སྔོན་ལ་རོགས་བྱེད་པའི་སློབ་གསོའི་ལས་གཞི་བཅུ་གཅིག་ལག་བསྟར་བྱས་ལ། མཚོ་སྔོན་ལ་རོགས་བྱེད་པའི་སློབ་གསོའི་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་དྲུག་ལ་སླེབས་པ་དང་། དགེ་རྒན་བཞི་བརྒྱ་དང་བཞི་བཅུ་ལ་གསོ་སྦྱོང་བྱས། ཁུལ་ཡོངས་ཀྱི་ལས་རིགས་སློབ་གླིང་གསུམ་གྱིས་སྔ་གཞུག་ཏུ་ཀྲེ་ཅང་ཞིང་ཆེན་དང་ཧྲན་ཞི་ཞིང་ཆེན། ཁྲུང་ཆེན་ཞིང་ཆེན་སོགས་དང་མཉམ་ལས་སྒོས་སློབ་གྲྭ་བསྒྲུབ་པ་དང་། ཀྲེ་ཅང་ཞིང་ཆེན་གྱི་འབྲིང་རིམ་ལས་རིགས་སློབ་གླིང་གསུམ་དང་མཐོ་རིམ་ལས་རིགས་སློབ་གླིང་བདུན་བར་རིག་ནུས་རོགས་སྐྱོར་མ་ལག་བཙུགས། ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གྲུ་དམར་སེམས་ཁུར་འགུལ་སྐྱོད་ཀྱི་སློབ་གསོ་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གཅིག་དང་ཁྲི་བརྒྱད་སྟོང་གཅིག་བྱིན་ནས། སློབ་མ་བདུན་བརྒྱ་དང་ཞེ་བཞི་ལ་རོགས་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།