རང་ཞིང་གིས་ཁངས་དར་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་བསྡུ་རྒྱུ་རེད།
2020.12.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། གསར་འགོད་པས་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མི་དུང་ཕྱུར་གསུམ་ཁངས་དར་ལུས་རྩལ་ལ་ཞུགས་པར་སྣེ་ཁྲིད་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། རང་རྒྱལ་གྱི་ཁངས་དར་ལུས་རྩལ་གྱི་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁངས་དར་ལུས་རྩལ་གྱི་ལྷོ་འགྲེམ་ནུབ་སྐྱེད་ཤར་སྐྱོད་འཐབ་ཇུས་ལག་བསྟར་བྱེད་པ། མང་ཚོགས་རང་བཞིན་གྱི་ཁངས་དར་ལུས་རྩལ་ཁྱབ་གདལ་བྱེད་པ་བཅས་ཀྱི་ཆེད་དུ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཟླ་སྟོད་དུ་མཚོ་སྔོན་ཞིང་ཆེན་གྱི་ཁངས་དར་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དང་དམངས་ཡོངས་ཁངས་དར་ལུས་སྦྱོང་འགྲན་རྩོད་ཉིན་མོའི་བྱ་འགུལ་བསྡུ་རྒྱུ་ཐག་བཅད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱིས་སྤྲོ་སེམས་ཆེན་པོས་དགུན་དུས་ཨོ་ལིན་ཕིག་འགྲན་ཚོགས་བསུ་བ་དང་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པ་བརྗོད་སྙིང་དུ་བྱས་ཡོད་པ་དང་། བྱ་འགུལ་དུས་ཡུན་གཉིས་རིང་ཡིན་ལ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་དགུ་ཉིན་འགོ་རྩོམ་རྒྱུ་ཡིན་པ་དང་། ཚེས་བཅུ་ཉིན་མཇུག་བསྒྲིལ་རྒྱུ་རེད། འགྲན་ཚོགས་སོ་སོར་ཟི་ལིང་གྲོང་ཁྱེར་པེ་ཁྲོན་ཁངས་དར་ར་བ་དང་ཟི་ལིང་ཧྲི་ཅི་ཞིན་དར་ཐོག་ལུས་རྩལ་ལྟེ་གནས། ལི་ཏུའུ་རྒྱལ་སྤྱིའི་ཁངས་ཤུད་ར་བ་བཅས་སུ་བསྡུ་རྒྱུ་ཡིན་པ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་དགུན་དུས་ལས་གཞི་དང་ཁྱིམ་ཕྱི་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་འགན་ཁུར་ནས་བསྒྲུབ་རྒྱུ་རེད།

འགྲན་བསྡུར་ཐད་ནས་རྩལ་འགྲན་དང་མང་ཚོགས་བཅས་རྣམ་གྲངས་གཉིས་བཀོད་སྒྲིག་བྱས་ཡོད་ལ། རྩལ་འགྲན་ཐད་ནས་ལམ་ཐུང་ཁངས་ཤུད་དང་དར་ཐོག་ལྒང་བུ། ཁངས་ཐོག་ཐད་ཤུད། ཁངས་ཤུད་རྩལ་འགྲན་འགྲན་བསྡུར། དར་ཐོག་ཐག་འཐེན་སོགས་འདུ་ལ། མང་ཚོགས་རིགས་ཀྱི་རྣམ་གྲངས་ཐད་ནས་ཁངས་ཐོག་ཐག་འཐེན་འགྲན་བསྡུར་དང་དར་ཐོག་ལྕགས་རྟ་འགྲན་བསྡུར་སོགས་རྣམ་གྲངས་འདུ།

ལོ་ཙཱ་བ། རིན་ཆེན་མཚོ།