སྲོལ་རྒྱུན་སྡེ་བ་བརྒྱ་དང་ཉེར་གསུམ་ལ་སྒོ་བྱང་བཀལ་ནས་སྲུང་སྐྱོབ་བྱས།
2020.12.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཉེ་ལམ། ཀྲུང་གོའི་སྐོར་ཐེངས་ལྔ་བའི་སྲོལ་རྒྱུན་སྡེ་བའི་མིང་ཐོའི་ཁྲོད་ཚུད་པའི་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ་ཧྲང་ཞིན་ཀྲུང་གྲོང་རྡལ་ཧེ་ཁྲིན་སྡེ་བ་རུ་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པ་དང་། དེས་རང་ཞིང་གི་སྲོལ་རྒྱུན་སྡེ་བ་བརྒྱ་དང་ཉེར་གསུམ་ཡོངས་རྫོགས་ལ་སྒོ་བྱང་བཀལ་ནས་སྲུང་སྐྱོབ་བྱས་པ་མཚོན་ལ། རང་ཞིང་གི་སྲོལ་རྒྱུན་སྡེ་བ་སྲུང་སྐྱོབ་བྱ་བ་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཐད་བསྐྱོད་པའི་གོམ་སྟབས་གལ་ཆེན་སྤོས་པ་ཡང་མཚོན།

2012ལོར་ཀྲུང་གོའི་སྲོལ་རྒྱུན་སྡེ་བར་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པའི་ཚུན་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་སྲོལ་རྒྱུན་སྡེ་བའི་ཁྱད་ཆོས་ལྡན་པའི་སྲིད་འཛིན་སྡེ་བ་སུམ་བརྒྱ་དང་སུམ་ཅུ་དང་རང་བྱུང་སྡེ་བ་ཞེ་དྲུག་ཏུ་ཞིབ་བཤེར་མཐིལ་རྟོགས་དང་ཐོན་ཁུངས་དཔྱད་འཇོག་བྱ་བ་སྤེལ་བ་དང་། སྐོར་ཐེངས་ལྔར་བགོས་ནས་སྡེ་བ་ཉིས་བརྒྱ་དང་དགུ་བཅུ་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོ་ཁྲོད་འཇོག་རྒྱུའི་སྙན་ཞུ་ཕུལ། མིག་སྔའི་བར་དུ། བསྡོམས་པས་སྡེ་བ་བརྒྱ་དང་ཉེར་གསུམ་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོ་ཁྲོད་ཚུད་པ་དང་། སྲོལ་རྒྱུན་སྡེ་བ་གོ་བཞི་ལ་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ས་ཡ་གཉིས་ཐོབ། 2020ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་གཅིག་བསྡུས་མུ་འབྲེལ་སྲུང་སྐྱོབ་བེད་སྤྱོད་དཔེ་སྟོན་ཁུལ་དུ་ཡིག་ཐོག་སྙན་ཞུ་བྱས་ནས་ཆོག་མཆན་ཐོབ་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ཐོབ། ཉེ་བའི་ལོ་འགའི་རིང་ལ། སྲོལ་རྒྱུན་སྡེ་བ་སྲུང་སྐྱོབ་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད་དེ། སྡེ་བའི་སྲོལ་རྒྱུན་གྲུབ་ཚུལ་དང་རང་བྱུང་ཁོར་ཡུག སྲོལ་རྒྱུན་བཟོ་སྐྲུན། སྲོལ་རྒྱུན་རིག་གནས་སོགས་ལོ་རྒྱུས་ཀྱི་རིག་གནས་ཐོན་ཁུངས་གཙོ་བོར་སྲུང་སྐྱོབ་བྱས་པ་མ་ཟད། སྡེ་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་བསྒྱུར་དང་མཐོར་འདེགས་བཏང་བ་དང་། སྡེ་བའི་འཕེལ་རྒྱས་སྒུལ་ཤུགས་ཇེ་དྲག་ཏུ་བཏང་ལ། སྲོལ་རྒྱུན་སྡེ་བ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

ལོ་ཙཱ་བ། རིན་ཆེན་མཚོ།