ཉིས་སྟོང་བཅུ་བདུན་ལོ་ནས་ད་ལྟའི་བར་མཚོ་སྔོན་ཞིང་ཆེན་ཡོངས་སུ་སློབ་བྱོལ་བྱེད་མཁན་ཕྱིར་བཀུགས་པའི་གྲངས་འབོར་ཁྲི་གཉིས་དང་སྟོང་བརྒྱད་ལ་སླེབས།
2020.12.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

གསར་འགོད་པས་ཚེས་ཉེར་ལྔ་ཉིན་བསྡུས་པའི་དབུལ་སྐྱོར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་བདུན་ལོ་ནས་ད་ལྟའི་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་སུ་སློབ་བྱོལ་བྱེད་མཁན་གྱི་སློབ་མ་ཕྱིར་འགུག་བྱས་པའི་གྲངས་འབོར་ཁྲི་གཉིས་དང་སྟོང་བརྒྱད་ལ་སླེབས་ཡོད་ཅིང་། སློབ་བྱོལ་བྱིས་པར་ཁ་ཏ་སློབ་གསོ་བཏང་ནས་ཕྱིར་སློབ་གྲྭའི་ནང་བཅུག་ཚད་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་བརྒྱད་དགུ་ལ་འཕར་བ་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི་བརྒྱར་སླེབས།

བྱིས་པ་གཅིག་ཀྱང་བསྐྱུར་མི་རུང་བའི་དམིགས་འབེན་མངོན་འགྱུར་བྱེད་ཆེད། ས་གནས་སོ་སོས་ཏང་སྲིད་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་པའི་བྱོལ་འགོག་སློབ་སྲུང་ལས་དོན་འགོ་ཁྲིད་ཚན་ཆུང་གི་ལམ་ལུགས་འཐུས་ཚང་ཞིག་འབད་པས་བཙུགས་པ་དང་། རིམ་པ་སོ་སོའི་དབུལ་སྐྱོར་དང་སྤྱི་བདེ། ཁྲིམས་འཛིན། མི་རིགས་ཆོས་ལུགས་སོགས་སྡེ་ཁག་དུ་མ་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་ལས་དོན་ཁྲོད་དུ་བྱེད་ནུས་མི་དམན་པ་བཏོན་ནས། མཉམ་དུ་དམ་འཛིམ་དང་དོ་དམ་གང་ལེགས་བྱེད་པའི་རྣམ་པ་བཟང་བོ་མངོན།

སློབ་བྱོལ་བྱེད་པར་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་བཀག་འགོག་བྱེད་ཆེད། འོས་འགན་སློབ་གསོའི་བཅའ་ཁྲིམས་དང་འགལ་མཁན་དང་དེ་ལག་བསྟར་དངོས་འབེབས་མི་བྱེད་མཁན་ལ་ཁྲིམས་ཆད་ནན་མོ་བཅད་དེ། བཅའ་ཁྲིམས་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་བདག་གཅེས་དོན་ལྡན་བྱས་པ་དང་། ན་ཆུང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་ནུས་ལྡན་བྱས། རིགས་སོ་སོའི་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་བདུན་དང་འབུམ་བརྒྱད་ཁྲི་བརྒྱད་སྟོང་བརྒྱད་བཏང་ནས། སློབ་བྱོལ་བྱིས་པར་སློབ་སྦྱོང་གི་ཆ་རྐྱེན་གང་ལེགས་བསྐྲུན།

ལོ་ཙཱ་བ། བན་དེ་སྐྱབས།