མཚོ་སྔོན་སློབ་ཆེན་མི་རིགས་གསོ་རིག་རྟེན་མཛོད་ཁང་གི་སྒོ་དངོས་སུ་ཕྱེས།
2020.12.29 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 754

མཚོ་སྔོན་སློབ་ཆེན་མི་རིགས་གསོ་རིག་རྟེན་མཛོད་ཁང་དངོས་སུ་སྒོ་ཕྱེས་པའི་མཛད་སྒོ་སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་སྟེང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་ནས་གཟབ་རྒྱས་ངང་བསྡུས། མཚོ་སྔོན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཡུས་ཧུང་ཞན་དང་མཚོ་སྔོན་བོད་ཀྱི་གསོ་རིག་རྟེན་མཛོད་ཁང་གི་ཡོན་ཀྲང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་མཚན་འཛིན་ཡོན་ཀྲང་ཨེ་ཚོགས་ཆེན། བོད་ལུགས་གསོ་རིག་སློབ་གླིང་གི་ཡོན་ཀྲང་ཀླུ་བྱམས་རྒྱལ། དེ་མིན་གསོ་བ་རིག་པ་དང་འབྲེལ་བ་ཡོད་པའི་སློབ་གླིང་ཁག་ཅིག་གི་འགོ་ཁྲིད་དང་དགེ་སློབ་ཀྱི་འཐུས་མི། གསར་འགྱུར་སྨྱན་བྱེད་ཀྱི་འཐུས་མི་བཅས་མཛད་སྒོར་ཞུགས།

མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རིན་ཡན་མེན་གྱིས་ཐེངས་འདིའི་མཛད་སྒོར་འགོ་འཛིན་བྱས།

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་ཡོན་ཀྲང་ཀླུ་བྱམས་རྒྱལ་གྱིས་རྟེན་མཛོད་ཁང་བཙུགས་པའི་གནས་ཚུལ་སྙན་ཞུ་ཕུལ། ཁོས་མི་རིགས་གསོ་རིག་རྟེན་མཛོད་ཁང་བཙུགས་པའི་འཆར་འགོད་དང་ཇུས་གཞི། འཛུགས་སྐྲུན་རྣམ་པ། རྟེན་མཛོད་ཁང་གི་འགྲེམ་ཁུལ་སོ་སོའི་འགྲེམ་དངོས། རྟེན་མཛོད་ཁང་དུ་བསྡུ་ཉར་བྱས་པའི་རྟེན་བྱིན་ཅན་སོགས་མཚམས་སྦྱོར་མདོར་བསྡུས་བྱས། དེའི་རྗེས་སུ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་མཚན་འཛིན་ཡོན་ཀྲང་ཨེ་ཚོགས་ཆེན་གྱིས་ཤིས་ཚིག་ཕུལ། དེར་མཐུད་དེ་མཚོ་སྔོན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཡུས་ཧུང་ཧྲན་གྱིས་གཏམ་བཤད། མཇུག་མཐར་ཧྲུའུ་ཅི་ཡུས་ཧུང་ཧྲན་དང་མཚན་འཛིན་ཡོན་ཀྲང་ཨེ་ཚོགས་ཆེན་གཉིས་ཀྱིས་མཉམ་དུ་རྟེན་མཛོད་ཁང་གི་སྒོ་དངོས་སུ་ཕྱེས་པའི་རྟགས་མཚན་དུ་སྒོ་ཡོལ་ཕྱེས་ནས་ཐེངས་འདིའི་མཛོད་སྒོའི་ལས་རིམ་རྫོགས་པར་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་མཛོད་ཁང་ནི་སློབ་ཆེན་ཞིག་དང་ཡང་ན་མིའི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་བརྒྱུད་འཛིན་གྱི་གནས་འགངས་ཆེན་ཞིག་ཡིན་པར་མ་ཟད།  འདས་མ་འོངས་ད་ལྟ་གསུམ་གཞི་གཅིག་ཏུ་སྦྲེལ་སའི་འབྲེལ་ཟམ་ཞིག་ཀྱང་ཡིན་པས། དེས་འཛམ་གླིང་དཔལ་ཡོན་བརྗེ་རེས་དང་སིམ་འདྲེས་ཐད་བྱེད་ནུས་ཁྱད་པར་ཅན་འདོན་ཐུབ་ཅེས་གསུངས་པ་ནང་བཞིན། མཚོ་སྔོན་སློབ་ཆེན་མི་རིགས་གསོ་རིག་རྟེན་མཛོད་ཁང་གིས་ཀྱང་ས་གནས་ཀྱི་རིག་གནས་བརྗེ་རེས་དང་གསོ་རིག་ལོ་རྒྱུས་ཉར་ཚགས་ཐད་བྱེད་ནུས་གལ་ཆེན་འདོན་ཐུབ་ཅིང་། ཁྱད་པར་དུ་རིག་དངོས་ཐོན་ཁུངས་སྲུང་སྐྱོབ་དང་བཀོལ་སྤྱོད། ཉར་ཚགས། ལོ་རྒྱུས་རིག་གནས་དར་སྤེལ་བཅས་ཀྱི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་སྤྱོད་སྒོ་ཡོད་པ་ལས་གཞན། བདེ་ཐང་ཀྲུང་གོ་དང་བདེ་ཐང་མཚོ་སྔོན་བསྐྲུན་པར་ཞབས་འདེགས་གང་ལེགས་ཞུ་ནུས་པ་ནི་སྨྲོས་མ་དགོས་སོ། །


གསར་འགོད་པ། བན་དེ་སྐྱབས་དང་མི་ཕམ་མགོན་པོ།