མཚོ་ལྷོ་ཁུལ་གྱི་ལོ་སར་དགོང་ཚོགས《རྟེན་འབྲེལ་གཡང་གི་དགྱེས་མཆོད》ཕབ་སྐྲུན་ལེགས་འགྲུབ་བྱས།
2020.12.30 ཁུངས། མཚོ་སྔོ་་གསར་འགྱུར་དྲ་བ། ཀློག་གྲངས། 2

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། [གསར་འགོད་པ། བསོད་ནམས་ཚེ་རིང་། ལྕགས་ཐར་ཚེ་རིང་།]ལོ་རྙིང་བ་ཕར་བསྐྱལ་ཞིང་ལོ་གསར་བ་ཚུར་བསུ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་དང་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་སྔོན་བོད་སྐད་རླུང་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི་བོད་ལྕགས་མོ་གླང་ལོའི་ལོ་སར་དགོང་ཚོགས་ཏེ《རྟེན་འབྲེལ་གཡང་གི་དགྱེས་མཆོད》ཅེས་པ་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་གྱི་དགོང་མོའི་དུས་ཚོད་བདུན་དང་ཕྱེད་ཀའི་སྟེང་། མཚོ་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་སྤེལ། མཚོ་སྔོན་ཞིང་ཆེན་དང་མཚོ་ལྷོ་ཁུལ། རྫོང་རིམ་པ་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་པ་དང་ལྟད་མོ་བ་མི་སུམ་བརྒྱ་ལྷག་གིས་མཚོ་ལྷོ་ཁུལ་གྱི་འདས་པའི་གྲུབ་འབྲས་དང་མ་འོངས་པའི་རེ་སྤོབས་མཚོན་པའི་རིག་རྩལ་གྱི་ལེགས་སྐྱེས་སྣ་ཚོགས་ཉམས་སུ་མྱངས། 

རི་ཚོགས་སྟོང་གིས་གོས་དཀར་གྱི་ན་བཟའ་བཀླུབས་ཤིང་། འཁྱག་གྲང་གི་རྩུབ་རེག་རྒོད་པའི་དགུན་གྱི་དུས་ཚིགས་འདིར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་དང་དབུལ་ཐར་མཁྲེགས་གཏོར་བྱ་བའི་རྒྱལ་ཁའི་འབྲས་བུ་གཡུར་དུ་ཟ་བ་བསྣམས་ཏེ། ཉིས་སྟོང་ཉེར་གཅིག་ལོ་སྟེ་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་ལོན་པར་རིག་གནས་ཀྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་འབུལ་བ་དང་། མི་དམངས་མང་ཚོགས་ཀྱི་ཉིན་རེར་ཇེ་ཆེར་འགྲོ་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཡིད་བཞིན་དུ་བསྐང་བར་དམིགས་ཤིང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་རིམ་པ་སོ་སོའི་འབྲེལ་ཡོད་སྲིད་ཇུས་ཀྱི་དགོངས་དོན་གཞིར་བཟུང་བའི་རྨང་གཞིའི་སྟེང་། བོད་འབྲེལ་ས་ཁུལ་གྱི་གླུ་བ་དང་གླུ་མ་སྐད་གྲགས་ཅན་སུམ་ཅུ་ལྷག་དང་འཁྲབ་སྟོན་པ་བརྒྱ་ལྷག་གདན་དྲངས་ཏེ། གླུ་གར་གཏམ་གསུམ་གྱི་དགྱེས་སྟོན་རྒྱ་ཆེན་པོ་ཞིག་བོད་ཁུལ་མང་ཚོགས་དག་ལ་ལོ་སར་གྱི་ལེགས་སྐྱེས་ཤིག་གི་ཚུལ་དུ་མིག་གི་དགའ་སྟོན་དང་ཡིད་ཀྱི་ལོངས་སྤྱོད་དུ་བསྟར་བ་རེད།

བཀྲ་ཤིས་གནམ་ལོ་གསར་བའི་ལེགས་སྐྱེས་འདི་འདྲ་ཞིག་ཕུལ་བ་ལས་མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་དག་ལོ་ལྔའི་འཆར་གཞི་བཅུ་བཞི་བར་གོམ་སྟབས་ཆེན་པོས་བགྲོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་སྟབས། དམངས་ཕྱུག་རྒྱལ་དར་དང་མ་འོངས་པའི་ཕ་ཡུལ་སྔར་ལས་མཛེས་སྡུག་ལྡན་པ་ཡོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པར་ངེས།